དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཛེས་སྡུག་གི་འཇིག་རྟེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པདྨ།   |     སྤེལ་དུས།  2024-04-09

    རབ་གསལ་ཉི་ཟླ་ཡི་འོད་མདངས་འཕྲོས་ཤིང་། །

    རབ་དཀར་ལྷུན་པོ་ཡིས་མཐའ་ནས་བསྐོར་བའི། །

    རབ་མཛེས་གཡུ་མདོག་གི་རི་ལུང་ཐང་གསུམ། །

    རབ་མང་སྐྱེ་འགྲོ་ཡི་འཚོ་གཞིས་དྲོན་མོ། །

    མི་ཚེའི་མེ་ཏོག་གི་ཟེའུ་འབྲུ་དགོད་ཅིང་། །

    མི་སེམས་བརྩེ་དུང་གི་འདབ་མ་བརྟན་པའི། །

    མི་ལུས་དཔག་བསམ་གྱི་ལྗོན་བཟང་དབང་པོ། །

    མི་ཡི་ལུང་པ་རུ་དལ་གྱིས་ལྡེམ་ཡོང་། །

    འཚོ་བའི་ཐབ་ཚང་དུ་དྲོད་ཁོལ་འཁྱིལ་ཞིང་། །

    འཚོ་ཆས་བཟའ་བཏུང་ཀུན་མ་ལུས་འཛོམས་པའི། །

    འཚོ་གཞིས་ཕྱི་ནང་གཉིས་སྐྱིད་ཀྱིས་ཁེངས་པས། །

    འཚོ་བའི་འདུན་པ་འདི་འགོག་ཐབས་མི་འདུག །

    ལས་སྨོན་རྟེན་འབྲེལ་གྱི་ཁ་ཡིག་ཡག་ཅིང་། །

    ལས་འཕྲོའི་དམ་ཚིག་གི་སྲུང་མདུད་ཐེབས་པའི། །

    ལས་བཟང་མི་ལུས་ཀྱི་ཙན་དན་སྡོང་པོ། །

    ལས་རླུང་འཇམ་པོ་ཡིས་དལ་གྱིས་སྒུལ་བྱུང་། །

    དཀར་གཙང་ཁ་བ་ཡི་འདབ་མ་འཐོར་ཞིང་། །

    དཀར་དམར་མེ་ཏོག་གི་དྲི་བསུང་འཐུལ་ས། །

    དཀར་པོ་གངས་རི་ཡི་མཐའ་ནས་བསྐོར་བའི། །

    དཀར་ངོགས་འཇིག་རྟེན་འདི་ཅི་འདྲའི་སྐྱིད་པ། །

    འཁོར་བའི་སྤང་ལྗོངས་ཀྱི་གཞི་རྒྱ་ཡངས་ཤིང་། །

    འཁོར་བའི་ཉིན་སྲིབ་ཏུ་བདེ་དྲོད་འབར་བས། །

    འཁོར་བའི་མི་ཚོགས་ཀྱི་དམར་ཆུང་སེམས་པ། །

    འཁོར་བའི་མཛེས་པ་འདིར་ངང་གིས་ཆགས་སོང་། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།