དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དྲིན་གྱི་བུ་ལོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤེན་ཚེ་གཞོན་པ།   |     སྤེལ་དུས།  2024-04-09

    འཇིག་རྟེན་འདིའི་སྲོག་ལྡན་ཀུན་ཕ་མའི་བྱམས་དང་བརྩེ་བའི་དྲིན་གྱིས་མ་བསྐྱངས་པ་སྤྱིར་ན་མེད་པས། བྱམས་ལྡན་ཡབ་ཡུམ་ཟུང་གི་བཀའ་དྲིན་ནི་སྔོ་བསངས་ནམ་མཁའི་མཐའ་ཡིས་གཞལ་མི་ནུས་ལ། འབྱམས་ཀླས་ཆུ་ཀླུང་ཆེན་པོའི་གཏིང་གིས་དཔོག་ཅི་ལ་ནུས། ཡང་སྒོས་སུ་ས་སྒང་རིལ་མོ་འདིར་འཚོ་ཞིང་གནས་པའི་རྐང་གཉིས་འགྲོ་བ་མི་རྣམས་ལ་མཚོན་ན། རང་རང་གི་ཕ་མ་གཉིས་པོས་རང་གི་རྣམ་ཤེས་ཀྱི་སྦྲང་ཆུང་འདི་ཉིད་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ཡི་ལུས་རྟེན་དུ་ཞུགས་སུ་བཅུག་སྟེ། འཇིག་རྟེན་མི་ཡུལ་འདིར་མགྲོན་དུ་བསུས་པ་ནས་བཟུང་། ཁོང་གཉིས་ལ་ཤིན་ཏུ་ཐོབ་པར་དཀའ་བའི་ནོར་བུ་རྩ་ཆེན་ཞིག་རྙེད་པ་ལྟར་དགའ་སྤྲོས་རབ་ཏུ་མྱོས་ཏེ། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེའི་བརྟུལ་ཞུགས་འབའ་ཞིག་བཟུང་ནས། ཙིར་ཙིར་ཞེས་ངུ་ཤེས་པ་ཙམ་གྱི་ཤ་རྡོག་གཅིག་དེར་བྱམས་པའི་མིག་གིས་ཡང་ཡང་འཚོས་ཤིང་། མངར་བའི་ནུ་ཞོ་བླུད་ནས་གསོས་པ་དང་། རང་ཉིད་ལྟོ་སྐྱ་གོས་ཧྲུལ་གྱི་ཉམ་ཐག་པའི་འཚོ་བ་སྐྱེལ་དགོས་ཐུག་རུང་། འཚོ་བའི་ལམ་འཕྲང་གི་དཀའ་ཁག་མཐའ་དག་ཁྱད་དུ་བསད་ནས། རང་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུའི་གཅེས་ཕྲུག་རྣམས་ལ་ཞིམ་པའི་ཁ་ཟས་སྦྱིན་པ་དང་། འཇམ་པའི་གོས་བསྐོན་ཏེ་དབྱར་གྱི་ཚ་བ་དང་། དགུན་གྱི་གྲང་ངར། སྟོན་དཔྱིད་གཉིས་ཀྱི་ཐལ་རླུང་སོགས་ཀྱི་འཇིགས་པའི་ཐལ་རྡུལ་ཙམ་གྱིས་ཀྱང་གཙེས་སུ་མ་བཅུག་པར་གཉོར་སྐྱོང་ལེགས་པར་གནང་བ་དང་། ལྷག་པར་དུ། སློབ་གྲྭའི་སྐྱེད་ཚལ་ཡངས་པོར་རིག་གནས་ཤེས་བྱའི་སྦྲང་རྩིའི་རོ་བཅུད་མྱོང་བའི་སྐལ་བཟང་སྦྱིན་པས། བདག་དང་བདག་འདྲ་བའི་བགྲང་ལས་འདས་པའི་གཅེས་ཕྲུག་རྣམས་ལ་ཡོན་ཏན་རྒྱ་མཚོའི་གཞུང་དུ་ཤེས་བྱའི་དགོས་འདོད་ནོར་བུ་ལེན་སྐལ་བྱུང་བ་མ་ཟད། ད་ལྟ་རང་མགོ་རང་ཐོན་གྱིས་འཇིག་རྟེན་འདིར་བླང་དོར་མ་ནོར་བར་རང་གཞན་ཀུན་གྱི་བྱ་བར་སྤོབས་པས་འཇུག་ཐུབ་པ་ནི་ཁྱེད་ཅག་གི་བཀའ་དྲིན་ཡིན་པར་སུ་ཡིས་བསྙོན།

    ང་ཚོས་ཤེས་སམ། ད་ཆ་དྲིན་ཅན་ཡབ་ཡུམ་ཟུང་གི་མཛེས་པའི་ལང་ཚོ་མཁའ་ཡི་འཇའ་ཚོན་བཞིན་ཡལ་ནས་མི་སྡུག་བཞིན་ལ་གཉེར་མའི་དྲ་བ་འཐེན་ཞིང་། ཙ་རིའི་སྨྱུག་མར་འཁུ་བའི་སྐུ་ལུས་རྔ་དབྱུག་བཞིན་གུག་པ་ངེད་ཅག་གིས་མཐོང་བྱུང་ངམ།

    སྔ་མོའི་གཏམ་དཔེར། མི་སེམས་དགའ་ན་ཆོས་དང་། ཕ་མ་དགའ་ན་དྲིན་ལན་ཡིན་ཞེས་པ་ལྟར། ང་ཚོ་གཞིས་ལ་ཡོད་པའི་བུ་ཕྲུག་ཚོས་དུས་རྒྱུན་ནས་ཁོང་རྣམས་ལ་སྲི་ཞུ་ཞབས་ཏོག་གང་ལེགས་སྒྲུབ་དགོས་པ་དང་། ལྷག་པར་དུ། ཕ་མ་འཁྲིས་སུ་མེད་པའི་བུ་ཕྲུག་ཚང་མས་ཁོམ་པ་བཙལ་ཏེ། བྱམས་ལྡན་ཡབ་ཡུམ་ཟུང་གི་དྲུང་དུ་ཡང་ཡང་བཅར་ནས་ཁོང་རྣམས་ལ་ཟས་ཞིམ་པ་ཞལ་གང་ངམ། གོས་འཇམ་པ་སྣ་གཅིག གཏམ་སྙན་པོ་ཚིག་གཅིག་ལས་མེད་ཀྱང་དྲིན་གཟོའི་ཚུལ་དུ་འབུལ་གང་ཐུབ་བྱེད་དགོས། དེས་ཤིན་ཏུ་སྙི་བའི་ཁོང་ཅག་གི་ཡིད་སེམས་ལ་སྨྲ་བསམ་བརྗོད་ལས་འདས་པའི་སྤྲོ་དགས་ཁེངས་སྲིད་པས། དེ་ཡང་ཕ་མར་དྲིན་ལན་གསོལ་སྟངས་ཤིག་ཅི་ལ་མིན།

    ང་ཚོས་ཡབ་ཡུམ་ཟུང་ལ་སྲི་ཞུ་བསྙེན་བཀུར་གང་ལེགས་སྒྲུབ་པ་ནི་ད་ལྟ་ཕ་དང་མར་གྱུར་ཟིན་པའི་ངེད་ཚོར་མཚོན་ན། རང་གི་བུ་ཕྲུག་རྣམས་ལ་རང་དཔེ་གཞན་སྟོན་བགྱིས་པ་ཞིག་སྟེ། ཁོ་ཚོས་ཀྱང་ནམ་ཞིག་ང་ཚོ་ལང་ཚོ་རྒུད་དེ་རྒས་ཤིང་འཁོགས་པར་གྱུར་དུས། ང་ཚོས་ད་ཆ་རང་གི་ཡབ་ཡུམ་ཟུང་ལ་སྲི་ཞུ་བསྙེན་བཀུར་བསྒྲུབས་པ་ལྟར། ང་ཚོའི་བུ་ཕྲུག་ཚོས་ཀྱང་ང་ཚོ་རང་ཉིད་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་དུ་འཇུག་ངེས་རེད། དེ་ལས་ལྡོག་སྟེ། ང་ཚོ་བུ་ཕྲུག་ཚོས་དྲིན་ཅན་ཁོང་རྣམས་འཇིག་རྟེན་མི་ཡུལ་དུ་ཞལ་བཞུགས་དུས་སྲི་ཞུ་བསྙེན་བཀུར་མ་བསྒྲུབས་པར། ནམ་ཞིག་འཇིག་རྟེན་ཕྱི་མའི་གཟིགས་མོར་གཤེགས་ཚེ། ངུ་འབོད་ཀྱིས་གནམ་ས་བཀང་པའམ་འདས་པོའི་རྗེས་འཇུག་ལ་གཏོང་ཕོད་ཆེན་པོ་ག་ཚོད་བྱས་ཀྱང་དེ་ལ་དོན་དམ་པའི་ཕན་འབྲས་ཆེན་པོ་མ་མཆིས།

    གཅེས་ཕྲུག་ཚོ། ཕ་མའི་བཀའ་དྲིན་ནི་རི་རབ་ལས་ལྕི་ཞིང་མཚོ་ལས་ཟབ་པས། ང་ཚོས་ཁོང་རྣམས་འཇིག་རྟེན་འདིར་འཚོ་བཞེས་གནང་དུས་ནམ་ནམ་ཞར་ཞར་ལ་སྲི་ཞུ་ཧུར་ཐག་སྒྲུབ་དགོས། འདི་ལྟར་བྱས་ན་ང་ཚོས་རང་གི་མི་ཚེ་ལ་ཕྱི་མིག་ལྟ་སྐབས་འགྱོད་པ་ཡོང་མི་སྲིད་ལ། རང་གི་བུ་ཕྲུག་ལའང་མིག་དཔེ་བཟང་པོ་ཞིག་འདོན་ཐུབ་པ་བརྗོད་མི་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།