དཔེ་དེབ་གྲོགས་སུ་བསྟེན་དགོས།
འཇིག་རྟེན་འདིར་རིན་ཐང་བྲལ་བའི་དངོས་པོ་མང་པོ་ཞིག་ཡོད་ཀྱང་དེ་དག་གི་ཁྲོད་ནས་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་ཐུན་མོང་དུ་ཁས་ལེན་པའི་རིན་བྲལ་གྱི་དངོས་པོ་གཅིག་མ་གཏོགས་མེད། དེ་ནི་མི་ཚེའི་ལམ་བུར་ཤེས་བྱའི་རྒྱགས་ཕྱེ་གནང་མཁན་གྱི་དཔེ་དེབ་རེད། སྐྱེས་ཆེན་དམ་པའི་ཞལ་ནས་དཔེ་དེབ་ནི་མིའི་རིགས་ཡར་ཐོན་གྱི་སྐས་འཛེག་ཡིན་ཞེས་པ་ལྟར། སྐྱེ་བོ་ཕོ་མོ་རྒན་དར་གཞོན་གསུམ་ཡོངས་ཀྱིས་མི་རིགས་འཕེལ་རྒྱས་ཀྱི་གཞི་མར་གྱུར་པའི་དཔེ་དེབ་མང་ཙམ་བཀླགས་ཏེ། ནང་སེམས་སུ་མཐའ་ཡས་ཆུ་གཏེར་ཆེན་པོའི་མཐའ་དང་མཉམ་པའི་ཤེས་ཡོན་དུ་མ་བསགས་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་བཟང་པོ་ཞིག་ཆགས་པ་དང་། མི་རིགས་འཕེལ་རྒྱས་ཀྱི་དོན་དུ་ནུས་ཤུགས་འདོན་ཐུབ་མཁན་གྱི་སྐྱེ་བོ་ཞིག་ཏུ་འགྱུར་ཆེད་འབད་པ་ལྷུར་ལེན་བྱེད་དགོས་པ་ཡིན།
དཔེ་དེབ་ནི་སྨྲ་མི་ཤེས་པའི་བཤེས་གཉེན་ཞིག་རེད། གལ་སྲིད་དེ་ལེགས་པར་ལྟ་ཀློག་ཐུབ་པ་དང་གཅེས་སྤྲས་བྱེད་ཤེས་ན། དེ་ལས་ཤེས་བྱ་ཡོན་ཏན་མང་དག་ཅིག་རང་བློར་ཆུད་རྒྱུར་ཐེ་ཚོམ་མེད། དཔེ་དེབ་ནི་ཤེས་བྱས་ཕྱུག་པའི་ནོར་བུ་ཞིག་ཡིན་ཏེ། དེས་ང་ཚོར་སྔར་ལས་ལྷག་པའི་སྒོ་ནས་རང་རྒྱུད་ལ་ཤེས་ཡོན་སྦྱོར་ཐུབ་ཅིང་། མ་རིག་པའི་ལམ་དུ་སྐྱོད་བཞིན་པའི་སྐྱེ་བོ་མང་པོའི་ཁ་ལོ་བསྒྱུར་ནས་དེ་དག་ལ་ཞི་དུལ་བག་ཕེབས་ཀྱི་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་ནུས་པ་འདོན་བཞིན་ཡོད། དཔེ་དེབ་ཀྱི་ཁྲོད་ནས་འཇིག་རྟེན་གྱི་ཆོས་ཉིད་དང་མཐུན་པའི་བསླབ་བྱ་ཡང་དུ་མ་གནང་ཡོད་པས། དུས་རྒྱུན་འཚོ་བའི་ཁྲོད་དཔེ་དེབ་ལག་ཏུ་བཟུང་ནས་མང་ཙམ་བཀླག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། དཔེར་ན། མི་ཞིག་གི་སྐད་ཆ་ཤོད་སྟངས་དང་ཕྱི་ཡི་སྤྱོད་ཚུལ། ཁོག་གི་ཡོན་ཏན་གང་འདྲ་ཡོད་མེད་ནི་སྐྱེ་བོ་དེས་དཔེ་དེབ་ག་ཚོད་བཀླགས་མིན་དང་འབྲེལ་བ་ངེས་ཅན་ཡོད་ལ། རྩོམ་ཡིག་འབྲི་བར་ཡང་ཆེས་ཐོག་མར་དཔེ་དེབ་མང་ཙམ་བཀླགས་ནས་རྒྱུན་སྤྱོད་ཀྱི་གཏམ་དཔེ་དང་ཚིག་སྙན་པོ་མང་ཙམ་གསོག་རྒྱུ་དེ་ལས་མ་འདས་པས། དཔེ་དེབ་ནི་ཤེས་བྱའི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་ཡོད།
སྔོན་བྱོན་མཁས་པས། “དཔེ་དེབ་ཁྲི་ཕྲག་བཀླགས་པའི་ཚེ། །སྨྱུག་རྩེ་ལྷ་ཡིས་སྒུལ་དང་མཚུངས། །”ཞེས་གསུངས་པ་ལྟར། ང་ཚོས་དཔེ་དེབ་ནི་རང་ཉིད་ཀྱི་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར་བ་དང་། དཔེ་དེབ་ཀློག་རྒྱུ་དེ་རང་གི་གོམས་གཤིས་བཟང་པོ་ཞིག་ཏུ་འཇགས་པར་བྱེད་དགོས་ལ། དཔེ་དེབ་ལྟ་ཀློག་བྱེད་རྒྱུ་དེའང་ཉིན་གཅིག་གཉིས་ཀྱི་འོས་འགན་ལ་མ་བརྩིས་པར་ཡུན་རིང་རྒྱུན་འཁྱོངས་དང་སྡུག་རུས་ཐུབ་པའི་རང་གི་དགའ་ཕྱོགས་སུ་འགྱུར་བར་བྱེད་དགོས། དཔེ་དེབ་ཇི་ཙམ་ཞིག་ཀློག་ཐུབ་མིན་ཡང་སྐྱེ་བོ་ཞིག་གི་ངང་རྒྱུད་དང་འབྲེལ་བ་དམ་ཟབ་ཡོད་པར་སྣང་སྟེ། ཚེ་གང་དཔེ་དེབ་དང་འགྲོགས་པའི་སྐྱེ་བོ་ཞིག་ལ་མཚོན་ན། དེས་མི་གཞན་གྱིས་བལྟ་མྱོང་མེད་པའི་དཔེ་དེབ་མང་དག་ཅིག་བལྟས་ནས་རང་རྒྱུད་ལ་ཤེས་རིག་གི་ནོམ་པ་ཇི་སྙེད་ཅིག་བསགས་ཡོད་པ་གཏན་འཁེལ་རེད། དཔེ་དེབ་གྲོགས་སུ་ཇི་ལྟར་བསྟེན་དགོས་ཤེ་ན། ཐོག་མར་རང་ཉིད་ལ་འཚམ་པའི་དཔེ་དེབ་ཅིག་བདམས་ཏེ་ཐོས་བསམ་སྒོམ་གསུམ་གྱིས་ཡང་ཡང་བཀླགས་ནས་བརྗོད་བྱའི་དོན་སྙིང་ལ་བསམ་གཞིག་དང་། སྙིགས་དོར་བཅུད་ལེན། རང་རྒྱུད་ལ་འཇགས་པའི་ཡོན་ཏན་དག་ལག་ལེན་དུ་འཁྱོལ་བར་འབད་དགོས་པ་ཡིན། དཔེ་དེབ་ཀྱིས་ང་ཚོར་གནང་བ་ནི་རིན་བྲལ་གྱི་ཤེས་བྱ་ཡིན་པས། ང་ཚོས་དཔེ་དེབ་ལ་འོ་ཆུ་བཞིན་གཅིག་ཏུ་འདྲེས་པའི་རང་གི་གཉེན་ཉེ་ལྟ་བུའི་འདུ་ཤེས་འཛིན་དགོས། བཅུ་ཕྲག་རིག་གཞུང་ལ་བྱང་བའི་མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས་གསུངས་པའི“ཤ་དར་ཁྲག་དར་དུས་སུ། །ཡོན་ཏན་ནོར་བུ་བསགས་དགོས། ། ཡོན་ཏན་མེད་པར་རྒས་དུས། །ཁྱི་རྒན་སྒོ་ཉལ་འདྲའོ། །”ཞེས་པའམ། ས་པཎ་མཆོག་གིས་གསུངས་པའི“རིག་པ་ནངས་པར་འཆི་ཡང་སློབས”ཞེས་པ་ལྟ་བུའི་ལེགས་བཤད་བདུད་རྩིའི་གསུང་གིས་ང་ཚོ་ཕྱི་རབས་པ་ཚོར་ཆུང་དུས་ནས་ཤེས་བྱ་རིག་པའི་གནས་ལ་སྦྱངས་བརྩོན་བྱེད་དགོས་པའི་གདམས་ངག་གི་སྦྱིན་པ་གནང་ཡོད་པས། ང་ཚོས་ཁོང་རྣམ་པའི་གསུང་སྒྲོས་དག་རྣ་རྒྱབ་ཀྱི་ལྷགས་པར་མི་བསྐུར་བར་ལག་ལེན་དུ་འཁྱོལ་ཐུབ་པ་བྱེད་དགོས།
དཔེ་དེབ་ནི་མུན་པ་སེལ་བའི་ཉིན་བྱེད་དབང་པོ་དང་འདྲ་སྟེ། དེས་ང་ཚོའི་མི་ཚེའི་ལམ་བུར་འོད་ཀྱི་སྣང་བ་་བསྩལ་ནས་ང་ཚོའི་མ་རིག་པ་ཐམས་ཅད་འཇོམས་པར་བྱེད། དཔེ་དེབ་ནི་གསེར་དངུལ་རྒྱུ་ནོར་ལས་ཁྱད་དུ་འཕགས་པའི་ནོར་བུ་དགོས་འདོད་ཀུན་འབྱུང་ཞིག་སྟེ། དེ་ཇི་ཙམ་སྤྱད་ཀྱང་ཟད་མཐའ་མེད། ཀྱེ། དཔེ་དེབ་ལགས། དེ་རིང་ནས་བཟུང་། ངས་ཁྱེད་ཕྱི་ཐག་རིང་བའི་གྲོགས་པོ་བློས་ཐུབ་གཅིག་ཏུ་བརྩིས་ཏེ། ཁྱེད་དང་ལྷན་དུ་འོད་ཟེར་སྟོང་ལྡན་འཕྲོ་བའི་ལམ་བུར་བཞུད་ངེས་ལགས།