དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ​གཅེས་པའི་ཕ་ཡུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན་འཛོམས་པ།   |     སྤེལ་དུས།  2024-04-07

    འཛམ་གླིང་གི་ཡང་རྩེར་གནས་པའི་སཱ་ལའི་སྨན་ལྗོངས་ནི་བདག་གི་གཅེས་པར་འོས་པའི་ཕ་ཡུལ་ཡིན། གནས་འདིའི་ནམ་མཁའ་གཡའ་དག་པ་དང་། ཉི་འོད་དྲོ་ཞིང་འཇམ་པ། ཆུ་མོ་དྭངས་ཤིང་གཙང་བ། ཕྱོགས་བཞི་ས་འཛིན་དཀར་པོས་ལེགས་པར་བརྒྱན་པས། ཁྱེད་ཀྱི་མཛེས་ལྗོངས་ཀྱིས་སྐྱེ་བོ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་ཕྲོགས་ཏེ་ཁྱེད་ཀྱི་པང་དུ་ལན་གཅིག་ཡོང་འདོད་ཀྱི་འགྲམ་ཆུ་ལྡང་བཞིན་ཡོད།

    དཔྱིད་ཀ་ཤར་དུས་གཉིད་དུ་ཡུར་བའི་དྭངས་གཙང་གི་ཆུ་མོ་དལ་གྱིས་གཉིད་ལས་སད་ཅིང་། ཆུ་ནང་གི་གསེར་མིག་ཉ་མོའི་ཚོགས་ཀྱིས་མཇུག་མ་དལ་གྱིས་གཡུག་སྟེ་རྐྱལ་རྩལ་ངོམས་པ་དང་། ས་གཞི་ཆེན་པོར་དྲོད་འཕེལ་བ་དང་བསྟུན་ནས། ཡུན་རིང་གཅེར་བུར་ལུས་པའི་རི་བོ་དང་མཐའ་ཡས་ས་གཞིའི་ཁྱོན་ལ་རྩྭ་དང་རྩི་ཤིང་གིས་སྐྱེ་འཚར་་འགྲན་ཏེ་མགོ་ལྕོག་ལྡེམ་ལྡེམ་བྱེད་པ། སོ་ནམ་པ་ཚོས་ཞིང་ས་གཤིན་པོར་རེ་བའི་ས་བོན་གཏོར་ཏེ་རྨོ་འདེབས་ཀྱི་འགོ་འཛུགས་བཞིན་ཡོད། དབྱར་ཁ་ཤར་དུས་འབྲུག་སྒྲའི་དབྱངས་རྟ་དང་ཆར་པའི་སྟངས་སྟབས་ཀྱི་ཁྲོད་དུ། སོ་ནམ་པ་ཚོས་འོང་སྐོར་གྱི་དགའ་བདེའི་དཔལ་ལ་རོལ་བ་དང་། རྟ་ནོར་ལུག་གསུམ་གྱིས་བག་ཡངས་ངང་ཞིམ་མངར་གྱི་རྩྭ་ཆུར་ལོངས་སུ་སྤྱོད་བཞིན་ཡོད་པ་དེ་ནི་སྔོ་ལྗང་གི་གདན་སྟེང་དུ་མུ་ཏིག་གི་ཕྲ་རྒྱན་བཏབ་པ་དང་ཀུན་ནས་མཚུངས། སྟོན་ཁར་ཞིང་ནང་དུ་མགོ་ལྕོག་ལྡེམ་པའི་སྙེ་མ་དང་འབྲས་བུའི་ཁུར་གྱིས་ལྗིད་པའི་ལོ་འབྲས་ཀྱིས་ཕྱོགས་བཞིའི་མགྲོན་པོར་བསུ་བ་ཞུ་བ་དང་། ལས་ལ་བརྩོན་པའི་སོ་ནམ་པ་ཚོས་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ལོ་ལེགས་ཀྱི་འབྲས་བུ་བསྡུ་བར་བྲེལ་བཞིན་མཆིས། ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་དགུན་གྱི་དུས་སུ། བོད་གངས་ཅན་གྱི་ཡུལ་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་གཉིས་སུ་མ་མཆིས་ཤིང་། དྭངས་གཙང་གི་ཆུ་ཕྲན་དག་རེ་ཞིག་འཁྱགས་རོམ་གྱིས་བསྡམས་ཏེ་ཉ་ཆུང་གསེར་མིག་རྣམས་འཁྱགས་རོམ་གཡང་ཊིའི་ཁང་པར་གཉིད་དུ་ཡུར།

    ཕ་ཡུལ་ལགས། ཁྱེད་ཀྱི་རྩེ་མོ་ནམ་མཁར་ཟུག་འདྲའི་རི་བོའི་ཚོགས་ཀྱིས་ང་ལ་འགྲན་ཟླ་བྲལ་བའི་མདུན་སྐྱོད་ཀྱི་སྙིང་སྟོབས་སྦྱིན་ཞིང་། ཁྱེད་ཀྱི་པང་ལས་བཞུར་བའི་དྭངས་གཙང་གི་ཆུ་མོས་ང་ལ་ལྷད་མེད་དང་གཡའ་དག་གི་རང་གཤིས་སྦྱིན། ཁྱེད་ནི་ངའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པས། ངས་དེ་བས་མཛེས་སྡུག་ལྡན་པའི་ཁྱེད་ཀྱི་འབྱུང་འགྱུར་ཆེད་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱེད་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།