དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ​གཏམ་བཤད་འགྲན་བསྡུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྣམ་རྒྱལ་མཚོ་མོ།   |     སྤེལ་དུས།  2024-04-07

    ཁ་བ་ལྷབ་ལྷུབ་ཏུ་འབབ་ཅིང་རླུང་བུ་འུར་འུར་དུ་ལྡང་བའི་ཉིན་དེ་ནི་ང་ཚོས་ཡུན་རིང་ངང་སྒུག་བྱེད་པའི་གཏམ་བཤད་འགྲན་བསྡུར་གྱི་ཉིན་མོ་རེད། གཏམ་བཤད་འགྲན་བསྡུར་དེ་ནི་ང་ཚོའི་གྲོང་ཚོའི་གཞོན་ནུ་ཚོས་སློབ་སྦྱོང་ལ་སྔར་བས་དགའ་ཞེན་དང་། ཕན་ཚུན་འགྲན་སེམས་སྐྱེད་པའི་ཆེད་དུ་སྤེལ་བའི་བྱེད་སྒོ་ཞིག་རེད།

    ཉིན་དེའི་ཞོགས་པར། གཞོན་ནུ་ཚང་མས་བོད་ཆས་གྱོན་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཕན་ཚུན་འཚམས་འདྲི་ཞུ་བཞིན་འདུག་ལ། བྱེད་སྒོ་ད་དུང་སྤེལ་གྱི་མི་འདུག་གམ་ཞེས་ཕན་ཚུན་སྐད་ཆ་ཡང་འདྲི་བཞིན་འདུག དེ་ནས་ཅུང་མ་སོང་བར་བྱེད་སྒོ་དངོས་སུ་འགོ་ཚུགས་སོང་། བྱེད་སྒོའི་གོ་རིམ་དང་པོར་གྲོང་ཚོའི་ཀྲུའུ་རེན་ཚོས་གཏམ་བཤད་སྤེལ་སོང་། ཀྲུའུ་རེན་ཚོས་གཞོན་ནུ་ཁྱོད་ཚོ་ནི་ང་ཚོའི་གྲོང་ཚོའི་སླད་ཕྱིན་གྱི་རེ་བ་དང་། མི་རིགས་དང་རྒྱལ་ཁབ་ཀྱི་རེ་བ་ཡིན་པས། ཁྱོད་ཚོས་སློབ་སྦྱོང་ལ་སྔར་བས་བརྩོན་པ་ཆེར་སྐྱེད་དང་དུས་ཚོད་ལ་དམ་འཛིན་བྱས་ནས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་ཏེ་ཤེས་བྱའི་ཐང་ཆེན་ཡངས་པོར་དགོས་འདོད་ཀྱི་ནོར་བུ་ལེན་དུ་འགྲོ་དགོས་ཞེས་གསུངས། དེའི་ཁྲོད་ནས་ཀྲུའུ་རེན་རྒན་གྲས་གཅིག་གིས་ཁོང་ཆུང་དུས་སློབ་སྦྱོང་བྱེད་འདོད་ཡོད་ཀྱང་ཆ་རྐྱེན་གཏན་ནས་མེད་པས། ཚགས་པར་གྱིས་འབྲི་དེབ་ཀྱི་ཚབ་དང་ཚོས་ཀྱིས་སྣག་ཚའི་ཚབ། སྨྱུག་མས་སྨྱུ་གུའི་ཚབ་བྱས་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད། ཁྱོད་ཚོར་ད་ལྟ་ཆ་རྐྱེན་ཡག་པོ་འདི་ལྟ་བུ་ཞིག་ཡོད་དུས་སློབ་སྦྱོང་མི་བྱེད་པའི་རྒྱུ་མཚན་གང་ཡོད་ཅེས་གསུངས་བྱུང་། བྱེད་སྒོའི་གོ་རིམ་གཉིས་པར་རྒྱན་འཕངས་པའི་ཨང་རིམ་ལྟར་མི་རེ་རེ་བཞིན་གཏམ་བཤད་གནང་སོང་། གཞོན་ནུ་གཏམ་བཤད་པ་དང་པོ་དེ་སྐྲག་ནས་གཏམ་བཤད་ཀྱི་མ་ཡིག་ཀྱང་སར་ཟགས་སོང་། གཞོན་ནུ་ལ་ལ་ནི་སྐད་མ་ཐོན་པའམ་ཡང་ན་ལག་པ་འདར་སིག་སིག་བྱེད་པ་དང་། ཡང་ལ་ལ་ནི་དངངས་སྐྲག་གིས་གཏམ་བཤད་ཀྱི་ནང་དོན་ཡང་ཀློག་ཐུབ་ཀྱི་མི་འདུག ཡིན་ནའང་། གཞོན་ནུ་དྲུག་ཅུ་ལྷག་གི་ཁྲོད་ནས་མང་ཆེ་བས་ཡག་པོ་བཀླགས་སོང་། དེའི་ཁྲོད་ནས་ཀྱང་ཆེས་ཕུལ་དུ་བྱུང་བ་ནི་གདོང་པ་ཉ་གང་ཟླ་བ་བཞིན་དཀར་བ་དང་། སྐུ་གཟུགས་ཙ་རིའི་སྨྱུག་མ་བཞིན་ཕྲ་བ། སྐྲ་ཡི་ལན་བུ་གཉིས་ཕྲག་པ་གཡས་གཡོན་གཉིས་སུ་བཞག་ཡོད་པའི་མིག་ཤེལ་བཏགས་པའི་ཨ་ཅག་ལགས་ཤིག་རེད་འདུག

    བྱེད་སྒོའི་གོ་རིམ་གསུམ་པར་ཨང་རིམ་དམའ་བ་ནས་མཐོ་བའི་གོ་རིམ་ལྟར་བྱ་དགའ་དང་གཟེངས་བསྟོད་ལག་ཁྱེར་སྤྲད་པ་དང་འབྲེལ། དྲན་རྟེན་འདྲ་པར་ཡང་བསྐྱོན་སོང་། དེའི་ཚེ། གཞོན་ནུ་ཚོའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ་དང་། གཟིགས་མོ་བ་རྣམས་ཀྱིས་ཐལ་མོ་རྡེབ་པའི་སྒྲས་ཁེངས་སོང་། བྱེད་སྒོ་དེ་ནི་གཞོན་ནུ་ཚོའི་ངོས་ནས་བརྗོད་ན་དགའ་འོས་པ་ཞིག་དང་བརྗེད་དཀའ་བ་ཞིག བློ་སྒོ་རབ་ཏུ་འབྱེད་པའི་བྱེད་སྒོ་དོན་སྙིང་ལྡན་པ་ཞིག་རེད་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།