དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱི་ལྟ་བའི་དགེ་མཚན་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-03

    སློབ་གསོ་འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་ལ་སློབ་གསོའི་འཕེལ་ཕྱོགས་དང་གྲུབ་འབྲས་ཀྱང་ཤིན་ཏུ་མང་པོ་ཐོབ་དང་འཐོབ་ཀྱིན་ཡོད་ཅིང་། གོང་རིམ་ཏང་ཨུད་སྲིད་གཞུང་དང་སློབ་གསོའི་སྡེ་ཚན་ཁག་གིས་སློབ་གསོ་འཕེལ་རྒྱས་དང་། སློབ་གསོ་དོ་མཉམ་གྱི་ཞིབ་དཔྱད་ཚད་གཞིའི་ནང་དོན་གསལ་སྟོན་སྒོས་ཚད་གཞིའི་ནང་དོན་ལྟར་གྲོང་ཚོ་རིམ་པ་དང་། ཤང་རིམ་པ། རྫོང་རིམ་པ། གྲོང་ཁྱེར་རིམ་པ་དང་། ལྗོངས་རིམ་པ་བཞིན་རྒྱལ་ཁབ་རིམ་པའི་དཔྱད་དཔོག་དང་ཞིབ་དཔྱད་གནང་སྟེ། དེ་ལ་དེ་བསྟུན་གྱིས་གྲུབ་འབྲས་ལ་ཁས་ལེན་དང་། བརྒྱུད་རིམ་ལ་གདེང་འཇོག སྟོང་ཆ་ལ་ཁ་གསབ། གནད་དོན་ལ་བསེད་བཀྲོལ། འགག་གནད་ལ་མཐོང་ཆེན་བཅས་བྱས་ཏེ། སློབ་གསོ་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་དང་སློབ་གསོ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་སྤྱོད་བྱས་དང་བྱེད་བཞིན་ཡོད། ད་ལྟའི་ཆར་གཞི་རིམ་སློབ་ཆུང་གི་སློབ་གྲྭའི་མཁྲེགས་ཆས་དང་མཉེན་ཆས་ཀྱི་ཆ་རྐྱེན་གང་ལ་གང་འཚམས་ཡོད་ལ། བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་ཁྲིད་སྟོན་དང་དེང་མི་གསར་གསོ་སྐྱོང་གི་བླང་བྱ་ལྟར། སྤྲོ་སྣང་ལྡན་པའི་སློབ་ཁྲིད་ལྟ་བའི་བསམ་ཕྱོགས་དང་། སྐུལ་སློང་། ལག་ལེན་བཅས་ལ་སྔར་བས་གསར་གཏོད་ཀྱི་ཆ་འབུར་དུ་ཐོན་པར་བྱས་དང་བྱེད་མུས་ལགས།

    ད་གཟོད་ཤང་གྲོང་སློབ་གསོའི་འཕེལ་རྒྱས་ཀྱི་གོམ་ཁ་སྔར་བས་མྱུར་ཞིང་སྤུས་ཚད་ལྡན་པའི་ཕྱོགས་སུ་ཁ་ལོ་བསྒྱུར་དང་སྒྱུར་བཞིན་པའི་ཁྲོད་ཤང་གྲོང་སློབ་གསོའི་ལེགས་ཆ་འགའ་ཞིག་གྲོང་ཁྱེར་དང་རྫོང་གྲོང་སློབ་གསོའི་དཔེ་སྟོན་དང་མིག་དཔེར་ཡང་སྒྱུར་གིན་ཡོད།

    དེ་ཡང་ང་ཚོས་བསྒྲུབས་དང་སྒྲུབ་བཞིན་པའི་སློབ་གསོའི་གཉེར་ཕྱོགས་དང་སློབ་ཁྲིད་ཀྱི་ཁ་ཕྱོགས་ནི་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱི་ལྟ་བ་ཡིན་ཞིང་། དེ་ལྟ་བུའི་སློབ་ཁྲིད་ལས་ཐོན་པའི་དགེ་མཚན་ཡང་བརྗོད་ཀྱིས་མི་ལང་བས་ལོ་མང་གི་སློབ་ཁྲིད་ཉམས་མྱོང་དང་ལག་ལེན་དངོས་ལས་འཕྲོས་ཏེ་ཅུང་ཟད་གླེང་བར་བྱ་སྟེ། དང་པོ། དུས་རབས་གསར་པའི་འཕུར་སྐྱོད་ཁྲོད་ཤང་གྲོང་མི་དམངས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་རྣམས་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་ཁར་བསམ་པའི་དཔལ་ཡོན་གྱི་རྨང་གཞིའི་རྨང་གཞིར་གྱུར་པའི་སློབ་གསོའི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་སློབ་གསོ་སློབ་ཁྲིད་ཀྱི་རྟེན་གཞི་གཙོ་བོ་ཡིན་པའི་སློབ་གྲྭ་ཁག་གི་ནང་ཆེད་ལས་ཅན་དང་། ཆེད་ལས་ཅན་མིན་པའི་དགེ་རྒན་གྱི་དཔུང་ཁག་ནང་དགེ་རྒན་སོ་སོའི་རིག་གནས་བྱང་ཚད་དང་། བསམ་པའི་བྱང་ཚད། དེ་བཞིན་སློབ་གསོའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཞིག་གིས་བསྐུལ་ཏེ་དུས་རབས་ཀྱི་གོམ་སྒྲ་དང་ཡོངས་སུ་མཐུན་པའི་སློབ་གསོ་སློབ་ཁྲིད་ལ་སྔར་བས་ལྷག་པའི་གྲུབ་འབྲས་ལེན་འདོད་ཤིག་དང་། མི་གསར་གསོ་སྐྱོང་བྱེད་པའི་ལྷག་བསམ་འབུལ་འདོད་ཤིག་གིས་རང་སོ་སོའི་སློབ་ཁྲིད་ནང་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ལྟ་བ་བརྟན་པོ་ཞིག་བཙུགས་དང་འཛུགས་གིན་ཡོད་ཅིང་སློབ་གསོ་སློབ་ཁྲིད་ཀྱི་ལྷུ་ཚིགས་རེ་རེའི་ནང་སྤྲོ་སྣང་གིས་འགོ་རྩོམ་ཞིང་སྤྲོ་སྣང་གིས་མཇུག་སྡུད་པའི་སློབ་ཐུན་རེ་རེ་དང་། སློབ་དུས་རེ་རེ། སློབ་ལོ་རེ་རེ་ཡི་སློབ་ཁྲིད་ཀྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱེད་བཞིན་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་དང་སྤོབས་པ་སྐྱེས་འོས་པ་ཞིག་རེད།

    གཉིས་པ། སྤྲོ་སྣང་ལྡན་པའི་སློབ་ཁྲིད་ལ་དབྱེ་ན་སློབ་ཁང་ནང་དང་སློབ་ཕྱིའི་སློབ་གསོ་གཉིས་ལ་དབྱེ་ཆོག་ཅིང་། དེ་ཡང་། བོད་རྒྱ་རྩིས་དབྱིན་དང་། ཕྱོགས་བསྡུས་ཤེས་བྱའི་སློབ་ཁྲིད་ནི་སྤྱིར་སློབ་ཁང་ནང་གི་བྱ་འགུལ་ཞིག་ཡིན་ཞིང་། མ་གཞི་སློབ་ཁྲིད་ཀྱི་བསླབ་གཞིའི་ནང་དོན་མི་འདྲ་ཡང་། སློབ་ཁྲིད་དགེ་རྒན་རང་ཉིད་ཀྱིས་སློབ་ཐུན་གཅིག་གི་སྐར་མ་བཞི་བཅུའི་རིང་སློབ་ཁང་ནང་སྤྲོ་སྣང་དང་། དགོད་སྒྲ། བསམ་གཞིགས་ཀྱིས་ཁེངས་པ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱས་དང་བྱེད་ཀྱིན་ཡོད། སྤྲོ་སྣང་གིས་སློབ་ཕྲུག་གི་བསམ་པའི་ཡིད་དབང་འཕྲོག་ཐུབ་ལ། སྤྲོ་སྣང་གིས་སློབ་ཕྲུག་གི་སྦྱངས་བྱའི་ནང་དོན་དེ་དག་དཀའ་བ་ནས་སླ་བར་གྱུར་ཐུབ་པ་དང་། ཉོབ་མདངས་དང་སྦྱོང་འདོད་མེད་པ་ནས་གྲུང་ཤ་དོད་པ་དང་སྦྱོང་སེམས་ཡོད་པར་གྱུར་ཐུབ་པ། བློ་སྦུག་དོག་པ་ནས་བློ་ཁ་ཡངས་སར་འདྲེན་ཐུབ་པ་བཅས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྲོ་སྣང་གིས་ཁེངས་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་རིག་སྟོབས་མི་འདྲ་བའི་སློབ་ཕྲུག་ལ་མཁོ་སྤྲོད་བྱེད་ཀྱིན་ཡོད། གཞན་ཡང་། གླུ་གཞས་དང་། ལུས་རྩལ། རི་མོ་སོགས་ཀྱི་བསླབ་གཞིའི་ནང་དོན་རྣམས་སྤྱིར་སློབ་ཕྱིའི་བྱ་འགུལ་ཡིན་ཞིང་སློབ་ཕྲུག་མང་པོ་ཞིག་གིས་དགའ་སྣང་བྱེད་ཅིང་དགའ་སྣང་གི་བློ་ཁ་ཡང་དེར་ཕྱོགས་ཡོད། དེར་བརྟེན། ང་ཚོས་གོང་གི་སློབ་ཁྲིད་ནང་དོན་ལ་དགའ་སྣང་སློབ་གསོ་ཡིན་པའི་ངོས་འཛིན་ཡང་བྱས་དང་བྱེད་མུས་ཡིན་མོད། དོན་དམ་པར་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ལ་མཚམས་ཚིགས་མེད་ཅིང་། ཚོད་འཛིན་རང་བཞིན་དང་། ཚད་བཀག་རང་བཞིན་མེད་པའི་ཁར་གང་དུ་སློབ་ཁྲིད་ཡོད་ན་དེ་རུ་སྤྲོ་སྣང་ཡོད་པ་ཞིག་གི་ཡང་དག་པའི་སློབ་ཁྲིད་འདུ་ཤེས་སྐྱེས་དང་སྐྱེ་གིན་ཡོད་ལ་སློབ་ཁྲིད་དངོས་ཀྱི་ལག་ལེན་ནང་དེ་ལྟར་སྤྱོད་བཞིན་ཡོད་པས་ང་ཚོ་ནི་ཁོ་ཚོའི་ཕ་མ་གཉིས་པ་འཁྲུལ་མེད་ཅིག་ཡིན་ཞེས་བརྗོད་ཆོག་ཆོག་ཡིན།

    གསུམ་པ། སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱི་ལྟ་བ་དེ་ཡང་ང་ཚོ་དགེ་རྒན་དཔུང་ཁག་སྤྱི་དང་བྱེ་བྲག་དགེ་རྒན་རང་རང་སོ་སོའི་སློབ་ཁྲིད་ཀྱི་ལས་འགན་དང་། སློབ་ཁྲིད་ཀྱི་བྱ་འགུལ། སློབ་ཁྲིད་ཀྱི་སྐུལ་སློང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོ་བཅས་ལ་ཁྱབ་པར་བྱེད་དགོས་ལ། སྤྲོ་སྣང་ལྡན་པའི་སློབ་ཁྲིད་ལྟ་བའི་ཐད་ཀྱི་བསམ་གཞིགས་དང་། ནུས་ཕྱོད། དགེ་མཚན་བཅས་ཀྱི་ཐད་བློ་གྲོས་འདོན་སྤེལ་དང་ཁྱད་ནུས་སྤེལ་རེས་ཀྱི་བྱེད་སྒོ་ཁག་ཀྱང་སློབ་དཔྱོད་ཁང་སོ་སོའི་སློབ་དཔྱོད་བྱེད་སྒོའི་གཙོ་གནད་དུ་བཟུང་སྟེ་སྤེལ་ན་སློབ་དཔྱོད་བྱེད་སྒོ་དེ་ཡང་འཁྲུག་ཆ་དོད་ཅིང་དོན་སྙོང་ལྡན་པ་ཞིག་ཡོང་ངེས་པ་དང་། སྤྲོ་སྣང་ལྡན་པའི་སློབ་ཁྲིད་ལྟ་བ་དེ་ཡང་རིམ་བཞིན་ང་ཚོའི་སློབ་གསོ་སློབ་ཁྲིད་ཁྲོད་ཀྱི་སྒྲོམ་གཞི་ཅན་གྱི་སློབ་ཁྲིད་མ་ལག་ཅིག་ལ་གྱུར་དང་འགྱུར་མུས་ཡིན་པ་ནི་སློབ་ཁྲིད་ཀྱི་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་ཐུབ་ཡོད།

    མདོར་ན། སྤྲོ་སྣང་ལྡན་པའི་སློབ་ཁྲིད་ལྟ་བ་འཛུགས་སྐྱོང་སྤེལ་གསུམ་ནི་ང་ཚོས་བསྐྱངས་དང་སྐྱོང་བཞིན་པའི་སློབ་གསོ་སེམས་ཁམས་རིག་པའི་ཉིང་བཅུད་ཀྱི་ལག་ལེན་དངོས་དེ་ཡིན་ལ། དེ་ཡང་སྤྲོ་སྣང་གིས་མ་ཁྱབ་པའི་སློབ་གསོ་ཞིག་མེད་ཅེས་དང་སྤྲོ་སྣང་དང་དགའ་སྣང་ནི་དགེ་རྒན་ཡག་ཤོས་ཡིན་ཞེས་སྔོན་བྱོན་གྱི་སློབ་གསོ་མཁས་ཅན་མང་པོའི་ཞལ་སྔ་ནས་གསུངས་མྱོང་བ་བཞིན། ང་ཚོས་ཀྱང་དེང་སྐབས་ཀྱི་དུས་རབས་གསར་པའི་མི་གསར་གསོ་སྐྱོང་བྱེད་པར་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱི་ལྟ་བ་གསར་འབྱེད་རྒྱུན་འཁྱོངས་དང་ལག་ལེན་བསྟར་དགོས་ཤིང་ང་ཚོའི་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་ཧྲིལ་པོ་སྤྲོ་སྣང་གིས་ཁེངས་ཐུབ་པ་དང་། “སྤྲོ་སྣང་”གིས་ཁྱབ་ཐུབ་ན། ད་གཟོད་དང་སླད་ཕྱིན་གྱི་ང་ཚོའི་སློབ་གསོ་སློབ་ཁྲིད་ཀྱི་གཙོ་གནད་ལས་གྲྭ་འདི་ཕྱི་ནང་གང་ནས་བལྟས་ཀྱང་མཛེས་ཤིང་ཡིད་དུ་འོང་བའི་ཐོག་བརྩེགས་ཅན་གྱི་བ་གམ་ཞིག་དང་འདྲ་བར་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ས་གཞི་ཆེན་པོའི་རྒྱན་དུ་གྱུར་བར་ཐེ་ཚོམ་མེད།

    (ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སློབ་ཆུང་གི་དཀར་རྟོག་ཆུང་བས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།