དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཉིང་ཁྲི་དང་ཁམ་བུའི་མེ་ཏོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཞུམ་མེད་ར་མདའ།   |     སྤེལ་དུས།  2024-04-02

    ངོ་མཚར་ལྷ་ཡི་ཡུལ་འདྲའི་ཉིང་ཁྲིའི་ཡུལ། །

    འཆི་མེད་སྐྱེད་ཚལ་ས་ལ་འཕོས་པ་འདྲ། །

    རང་བྱུང་བཀོད་པ་ཡིད་གསོའི་བདུད་རྩིར་འཁྱིལ། །

    ཁྱེད་ཞལ་མཇལ་བས་ང་སེམས་དགའ་བས་མྱོས། །

    དུས་ཀྱི་འགོ་མ་དཔྱིད་ཀ་ཤར་དུས་སུ། །

    ཁུ་བྱུག་སྔོན་མོས་གསུང་སྙན་ལྷང་ལྷང་སྒྲོག །

    ཁམ་བུའི་མེ་ཏོག་འཛུམ་ཞལ་ཕྱེ་བའི་དུས། །

    དཔྱིད་དུས་ཉིང་ཁྲི་མི་ཡུལ་དག་ཞིང་འདྲ། །

    གནམ་ལྕགས་འབར་བ་གསེར་གྱི་ལྷུན་པོ་འདྲ། །

    ཤིང་འབྲས་ལྡུམ་ར་མར་ཁུ་འཁྱིལ་བ་འདྲ། །

    རི་སྔོན་ཆུ་དྭངས་ཉིང་ཁྲིའི་བཀོད་པ་ཡིས། །

    ཕྱོགས་བཞིའི་སྐུ་མགྲོན་མང་པོ་མགྲོན་དུ་བསུས། །

    ལྟེམ་མེར་འཁྱིལ་བའི་བྲག་གསུམ་མཚོ་མོ་ནི། །

    མཚར་སྡུག་ཟླ་བའི་དཀྱིལ་འཁོར་གཉིས་པ་འདྲ། །

    ཁྱེད་ལ་འཁོར་བའི་སྐྱེ་བོ་བུང་བའི་ཚོགས། །

    རྒྱུ་སྐར་ཚོགས་ཀྱིས་ཟླ་བར་བསྐོར་དང་མཚུངས། །

    བྱེད་པོས་མ་བྲིས་དབང་པོས་མ་བཀོད་ཅིང་། །

    རྩལ་ལག་མཁན་པོས་བཅོས་ལྷད་མ་བྱས་པའི། །

    རང་བྱུང་ལྷུན་གྲུབ་ཁྱེད་ཀྱི་མཛེས་དཔལ་ནི། །

    མིག་གི་རྒྱན་དང་སེམས་ཀྱི་ཕྱོགས་ཡུལ་ལགས། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།