སེམས་འགྱུ་ཕྲ་མོ།
ས་སྲོས་ཀྱི་མཚམས་སྤྲིན་དམར་པོ།
གྱེས་བྲལ་ཞིག་གི་ཕྱི་མིག་ཡིན་ན།
བྱང་ནས་ལྷོ་རུ་སྦྲེལ་བའི་སྤྲིན་དཀར་གྱི་ལྭ་བ།
ངའི་དྲན་རྟེན་མཚོན་པའི་ཁ་བཏགས་དེ་ཡིན་ལགས།
རྦ་རླབས་བཞིན་འཕྱོ་བའི་གཙང་པོའི་སྟངས་སྟབས།
ན་ཟུག་ཆེ་བའི་རྒྱང་བཞུད་དེ་ཡིན་ན།
ལྷོ་ནས་བྱང་ལ་འཕུར་བའི་ཁྲུང་ཁྲུང་གི་ཁྱུ་ཚོགས།
ངའི་སེམས་ཀྱི་གཏིང་ལ་ཟུག་པའི་དྲན་ཤིང་དེ་ཡིན་ལགས།
བསིལ་བསིལ་གྱི་དཔྱིད་རླུང་དྭངས་མ།
སྙིང་གཏམ་སྐྱེལ་བའི་ཕོ་ཉ་དེ་ཡིན་ན།
མཐོན་པོའི་སྒང་ན་གནས་པའི་ཁ་བའི་འདབ་མ་རེ་རེ།
ངའི་གདུང་སེམས་མཚོན་པའི་ཡིག་ཆུང་དེ་ཡིན་ལགས།
དཔྱིད་དུས་ཀྱི་སྦྲང་ཆར་ཟིལ་མ།
ནམ་མཁའ་ཡིས་ང་ཚོར་གནང་བའི་བྱབས་ཁྲུས་ཡིན་ན།
རྣམ་པར་བཀྲ་བའི་ཆར་ཤུལ་གྱི་འཇའ་ཚོན་སྣ་ལྔ།
ངས་ཁྱེད་ཕྱོགས་ལ་ཕུལ་བའི་སྨོན་ལམ་དེ་ཡིན་ལགས།