དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གི་རྣམ་པ་གསར་པར་གཟིགས་དང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-30

    བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་2020ལོའི་ཟླ་3ཚེས་23ཉིན་ལྷ་ས་གྲོང་ཁྱེར་དུ་བསྐྲུན་འགོ་ཚུགས་པ་དང་2023ལོའི་ཟླ་11པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་དེ་རང་ལྗོངས་ཀྱི་དེང་རབས་བཟོ་ལས་གནའ་ཤུལ་ཏེ་ཨར་འདམ་བཟོ་གྲྭ་རྙིང་པའི་རྨང་གཞིའི་ཐོག་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། ཨར་འདམ་བཟོ་གྲྭའི་བཟོ་ལས་རྗེས་ཤུལ་གྱི་གཞི་རྒྱུ་དེ་མཛེས་རྩལ་ཁང་གི་ཇུས་འགོད་དང་མཉམ་འདྲེས་བྱས་ཏེ། སྒྱུ་རྩལ་གྱི་མཚོན་སྟངས་ཐོག་ནས་རང་ལྗོངས་ཀྱི་བཟོ་ལས་རིག་གནས་དང་གསར་བརྗེའི་རིག་གནས་མངོན་པར་བྱས་ཡོད།

    བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.478བཏང་བ་དང་། ས་བཟུང་རྒྱ་ཁྱོན་སྤྱི་ཆིང་4.7ཟིན་པ། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.28ལྷག་ཙམ་ཟིན་ཡོད། ཁང་དེས“ཧི་མ་ལ་ཡའི་ལྡེ་མིག”གི་ཇུས་འགོད་འདུ་ཤེས་ལ་བརྟེན་ནས་བྱང་ངོས་ནས་ལྷོ་ངོས་ཀྱི་སྒྱུ་རྩལ་བར་ཁྱམས་དང་། ནུབ་ངོས་ནས་ཤར་ངོས་སུ་རིམ་པ་བཞིན་བསྐྲུན་པའི་འགྲེམས་ཁང་གཙོ་བོ། དེ་བཞིན་ཕྱོགས་བཞི་སྦྲེལ་མཐུད་བྱས་པའི་སྒོར་དབྱིབས་འགྲེམས་སྟོན་བར་ཁྱམས་བཅས་སྤྱད་དེ། ཚོགས་སྤྱིའི་བར་མཐོངས་ཕུན་སུམ་ཚོགས་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་མཛེས་རྩལ་བཤམས་མཛོད་ཁང་གི་བར་མཐོངས་ཤིག་བཏོད་ཡོད་པ་དེར་མཁའ་དབྱིངས་ནས་ཐུར་ལྟ་བྱས་ཚེ་ལྡེ་མིག་གི་དབྱིབས་དང་འདྲ་བ་དང་ས་ཁམས་ཀྱི་མཚོན་རྟགས་རང་བཞིན་དང་། དེང་རབས་རང་བཞིན། སྒྱུ་རྩལ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མཛེས་རྩལ་ཕོ་བྲང་ཞིག་ཏུ་གྱུར་ཡོད།

    2023ལོའི་ཟླ་11ཚེས་15ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་དང་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“མཐོང་སྒང་གི་མཛེས་རྩལ—བོད་ལྗོངས་མཛེས་རྩལ་ཁང་གི་སྒོ་དབྱེའི་འགྲེམས་སྟོན”གྱི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་དེ་ཐོག་ནས་བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་དངོས་སུ་སྒོ་ཕྱེ་བ་མཚོན་པ་དང་རང་ལྗོངས་སུ་ཞིང་ཆེན་རིམ་པའི་མཛེས་རྩལ་བཤམས་མཛོད་ཁང་མེད་པའི་སྟོང་ཆ་བསྐངས་བ་རེད།

    བཤམས་མཛོད་ཁང་གི་སྒོ་དབྱེའི་འགྲེམས་སྟོན་ཐོག“མཐོ་སྒང་གི་མཛེས་རྩལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“བོད་ལྗོངས་བརྗོད་གཞིར་བྱས་པའི་དེང་རབས་མཛེས་རྩལ་གྱི་གྲུབ་འབྲས་འགྲེམས་སྟོན”དང་། “རྒྱུན་འཛིན་དང་གསར་གཏོད། ཕུལ་བྱུང་ཐང་གའི་འགྲེམས་སྟོན” “ཡིད་འོང་ཁོར་ཡུག་གི་བརྐོས་བརྙན་འགྲེམས་སྟོན” “གྲངས་གཞིའི་སྒྱུ་རྩལ་འགྲེམས་སྟོན”བཅས་ཡན་ལག་འགྲེམས་ཁུལ་བཞི་བཙུགས་པ་དང་ཝུའུ་ཙུའོ་རེན་དང་། ལི་ཁེ་རན། ཏུང་ཤིས་ཝུན། ཧན་ཧྲུའུ་ལི། ཨ་མདོ་བྱམས་པ། ཡེ་ཤེས་ཤེས་རབ། བསྟན་པ་རབ་བརྟན་སོགས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རི་མོ་མཁས་ཅན་གྱི་བརྩམས་ཆོས་300ཙམ་འགྲེམས་སྟོན་བྱས་པ་རེད། “བོད་ལྗོངས་བརྗོད་གཞིར་བྱས་པའི་དེང་རབས་ཀྱི་མཛེས་རྩལ་གྲུབ་འབྲས་འགྲེམས་སྟོན”ལས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལྗོངས་བརྗོད་གཞིར་བྱས་པའི་རི་མོ་གསར་རྩོམ་དང་བོད་ཀྱི་མཛེས་རྩལ་བྱ་གཞག་གི་བརྒྱུད་མྱོང་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་མངོན་པ་དང་། “རྒྱུན་འཛིན་དང་གསར་གཏོད། ཕུལ་བྱུང་ཐང་གའི་འགྲེམས་སྟོན”ཐོག་བོད་ཀྱི་སྲོལ་རྒྱུན་ཐང་གའི་ལུགས་མི་འདྲ་བ་ཁག་གི་ཕུལ་བྱུང་ཐང་ག་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མཚོན་པའི་ཐང་ག་གསར་པ་འགྲེམས་སྟོན་བྱས་ཡོད་པ། “ཡིད་འོང་ཁོར་ཡུག་གི་བརྐོས་བརྙན་འགྲེམས་སྟོན”ཐོག་ཀྲུང་ཧྭའི་མཚོན་རྟགས་དང་མི་རིགས་ཀྱི་རིག་གནས་གཞི་རྒྱུར་བྱས་པའི་བརྩམས་ཆོས་15འགྲེམས་སྟོན་བྱས་པ་དེ་དག་འགྲེམས་ཁང་གི་ཕྱིར་འགྲེམས་སྟོན་བྱས་ཡོད།

    ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཏོན་ཧྲེང་ཆན་གྱིས། བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་མཛེས་རྩལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱས་ནས་ཕུལ་བྱུང་གི་སྒྱུ་རྩལ་བརྩམས་ཆོས་དེ་བས་མང་བ་བཏོན་ཏེ། མཛེས་རྩལ་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་དགོས་མཁོར་ཞབས་འདེགས་དེ་བས་ལེགས་པར་ཞུས་ནས། ཀྲུང་གོའི་སྙིང་སྟོབས་དང་། དུས་རབས་ཀྱི་ཉམས་བཟང་། བོད་ཀྱི་ཉམས་འགྱུར་བཅས་མངོན་པར་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པའི་ཞིང་ཆེན་རིམ་པའི་ས་མཐོའི་མཛེས་རྩལ་ཁང་ཞིག་བསྐྲུན་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན་ཞེས་བཤད་པ་རེད།

    བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི་མཛེས་རྩལ་བརྩམས་ཆོས།

    ཁྲེན་ཏེང་མུའུ་ཡི་བརྩམས་ཆོས《གཞུང་ལམ་སྐྲུན་ཡུལ་ནས་རྩམ་པའི་དྲི་ཞིམ་འཐུལ》

    ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས《འབྲི་རུའི་སྒྲོལ་མ་དང་ཁོ་མོའི་གཅུང་པོ》

    ཧན་ཧྲུའུ་ལི་ཡི་བརྩམས་ཆོས《ཧི་མ་ལ་ཡའི་མཛེས་ལྗོངས་མུ་འགོད》

    ཡེ་ཤིང་ཧྲེང་གི་བརྩམས་ཆོས《གཡག་རྒྱུག》

    དགའ་བདེའི་བརྩམས་ཆོས《ཉི་མ་དམར་པོ》

     གྲོང་མིས་བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།