རྒད་པོའི་མྱོང་བ་བདེན་པའི་གླུ་ཆུང་།
ལོ་རེའི་ཟླ་3པའི་ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་རེད། ད་ལོའི་དྲན་གསོའི་ཉིན་མོར་རྒད་པོ་ངས་དངོས་བརྒྱུད་མྱོང་བ་གཞིར་བྱས་ནས་བདེན་པའི་གླུ་ཆུང་ཞིག་ལེན་འདོད་པ་འདི་ལྟ་སྟེ།
གཅིག
དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་། །
ཞིམ་པའི་ཟས་ཀྱང་ཟ་མྱོང་མེད། །
འཇམ་པའི་གོས་ཀྱང་གྱོན་མྱོང་མེད། །
གོས་ལ་ལྷན་པ་དགུ་བརྩེགས་བརྒྱབ། །
མགོ་བོར་ཤིག་གི་ཤིག་ཚང་བསགས། །
ཤིག་རོ་སྲོ་རོས་ཐིགས་པ་བརྒྱབ། །
ས་གྲང་གདན་ལ་བཏིང་ནས་ཉལ། །
རྡོ་གྲང་སྔས་ལ་བརྒྱབ་ནས་ཉལ། །
ཉིན་མོ་ཟས་ཀྱིས་མི་རྒྱགས་ལ། །
མཚན་མོ་གོས་ཀྱིས་མི་དྲོད་ཅིང་། །
སྡོད་ཁང་ཕྱུགས་དང་མཉམ་དུ་སྦྲེལ། །
ཁང་ཧྲུལ་ནང་ལ་རླུང་བུ་མང་། །
སྐར་ཁུང་འོད་ཆུང་མུན་པ་ནག །
ཁང་ཆུང་དུ་བས་རལ་པ་ཆགས། །
ས་འོག་འབུ་ཡིས་ལུས་ལ་གཙེས། །
ཡང་སྒོས་སྤྱི་ཚོགས་རྙིང་པའི་སྐབས། །
མི་ཡི་ཚེ་ཚད་ཐུང་ཐུང་རེད། །
གཙང་སྦྲ་མེད་པས་ནད་རིགས་མང་། །
ལོ་གཅིག་རྐང་པ་ཐེངས་གཅིག་བཀྲུ། །
ལོ་གཅིག་ཕོར་པ་ཐེངས་གཅིག་བཀྲུ། །
རྐང་ལག་སེན་མོ་གཏུབ་མྱོང་མེད། །
སེན་མོ་བྱ་ཁྱིའི་སྡེར་མོ་འདྲ། །
དྲེག་པས་རྐང་ལག་མདོག་ཀྱང་འགྱུར། །
སེར་ག་ཆུ་ཡི་གཉེར་མ་འདྲ། །
མཐོང་ཚད་ཁ་ལ་མ་བཟས་ན། །
ལུས་ཀྱི་གྲོད་པ་སྟོང་པར་ལུས། །
མཐོང་ཚད་ཁ་ལ་བཟས་པ་ན། །
ནད་རིགས་སྣ་མིན་སྣ་ཚོགས་འབྱུང་། །
སྐབས་དེར་སྨན་པ་ཧ་ཅང་ཉུང་། །
ལྷ་ཀླུ་མོ་པར་བརྟེན་ནས་སྡོད། །
རྨོངས་གཉིད་གནས་ལས་ཐར་བ་དཀའ། །
འགྲོ་བའི་ལམ་དེ་རྡོ་ཡིས་འགགས། །
འགྲོ་ལམ་ཀྱག་ཀྱོག་ལྷམ་མཐིལ་བརྡོལ། །
དབོར་འདྲེན་རྟ་བོང་གཡག་ལ་བསྟེན། །
ཉིན་གཅིག་སླེབས་སར་ཞག་གསུམ་ལུས། །
མི་ཕྱུགས་གཉིས་ཀྱི་འཐུང་ཆུ་གཅིག །
ལྷམ་རོ་ལྷན་རོ་ཟོག་རོ་སོགས། །
ཁོར་ཡུག་གང་སར་དྲི་མ་ངན། །
རི་སྐྱེས་ནགས་ཚལ་རྩ་འགོག་བཏང་། །
མཛེས་པའི་ཡུལ་ལྗོངས་ཐལ་བས་བསྒྲིབས། །
རིག་གནས་མེད་པའི་ཞིང་བྲན་རྣམས། །
སློབ་གྲྭ་འགྲིམ་པའི་གོ་སྐབས་ཕྲ། །
ཡིག་རྨོངས་ཞ་རས་ལུང་པ་ཁེངས། །
ད་དུང་དེ་དག་ཐམས་ཅད་ཀྱང་།
ལས་དབང་ཡིན་པའི་ངེས་ཤེས་ཟབ། །
རིག་གནས་མེད་པའི་ཞ་ར་དང་། །
རིག་གནས་མེད་པའི་ལྐུགས་པ་ཆགས། །
སྐབས་དེའི་སྤྱི་ཚོགས་རྙིང་པའི་ནང་། །
ཁྲིམས་ཆད་སྣ་ཚོགས་གདུག་རྩུབ་ཆེ། །
རྡོ་ཞྭ་གཡོགས་ནས་མིག་རིལ་བཏོན། །
ཀོ་བཏུམས་བརྒྱབ་ནས་གཙང་པོར་བསྐྱུར། །
ལྕག་ཚན་གཞུས་ནས་འགྲམ་པ་སྦོས། །
སེན་མོའི་སྲུབས་སུ་སྨྱུག་གཟེར་སྟིབས།
གོས་ཐུང་ཕུད་ནས་རྒྱུག་པ་གཏོང་། །
རྒྱང་བཞི་སྤྲད་ནས་རྟ་ལྕག་གཞུས། །
ཁ་ནང་ལྕེ་བྲེགས་ལྐུགས་པ་བཟོས། །
རྐང་པའི་ཉྭ་བཀོག་འགྲོ་ཐབས་ཟད། །
རྨོངས་དད་བྱ་བའི་དཔྱད་གཏམ་གྱིས། །
འཕེལ་རྒྱས་གཏོང་བའི་ལམ་བུ་བཀག །
རྟ་དྲེའུ་བསྟེན་ན་འུར་ལངས་ཟེར། །
མཛོ་ཕྱུགས་བསྟེན་ན་འུར་ལངས་ཟེར། །
ཕག་པ་བསྟེན་ན་ཀླུ་ལ་གནོད། །
བྱ་དེ་བསྟེན་ན་བྱ་ནད་ཕོག།
ཕྱུག་པོས་བསྟེན་ན་བསོད་ནམས་ཆེ། །
དབུལ་པོས་བསྟེན་ན་བསོད་ནམས་ཉམས། །
ཁྲལ་རིགས་སྐྲ་ལས་མང་བ་སྟེ། །
དབྱར་དུས་སྐྱེས་པའི་རྩྭ་རིགས་ལ། །
མིང་རེ་བཏགས་ནས་ཁྲལ་རེ་བསྡུ། །
ཉ་ལ་གཤོག་པ་ཡོད་གྱུར་ཀྱང་། །
འཕུར་བའི་དབང་ཆ་མེད་པ་ལྟར། །
ལུས་པོ་རང་ལ་ཡོད་གྱུར་ཀྱང་། །
བདག་པོ་དཔོན་གྱིས་རྒྱག་གི་ཡོད།
ཕྱི་ལ་རྟ་ཁྲལ་དམག་ཁྲལ་དང་། །
ནང་ལ་ས་ཁྲལ་མི་ཁྲལ་བསྐུལ། །
ཡ་ངའི་མི་སེར་བྱིངས་རྣམས་ནི། །
མི་ཚེ་སྟོང་ཟད་ངང་ལ་རྫོགས། །
དེ་འདྲའི་སྤྱི་ཚོགས་རྙིང་པ་ལ། །
ཞེན་པ་མི་ལོག་ཅི་ལ་སྲིད། །
གཉིས།
དམངས་གཙོའི་བཅོས་སྒྱུར་བཏང་བའི་རྗེས། །
བོད་མིའི་ཟ་གོས་སྡོད་གསུམ་ནི། །
ལོ་རེ་བཞིན་དུ་གོང་དུ་འཕེལ། །
ཞིམ་པའི་ལྟོ་ཆས་གང་དགོས་ཡོད། །
གོས་ལ་ལྷན་པ་རྒྱག་དགོས་མེད། །
མགོ་བོར་ཤིག་ཚང་གསོག་མཁན་མེད། །
ཤིག་སྲོའི་ཐིགས་པ་རྒྱག་མཁན་མེད། །
གདན་ལ་འབོལ་གདན་ཧའེ་མན་བཏིང་། །
ཉལ་ཆས་བལ་གཟན་སིང་མན་གྱོན། །
ས་གྲང་གདན་ལ་འདིང་མཁན་མེད། །
རྡོང་གྲང་སྔས་ལ་རྒྱག་མཁན་མེད། །
ཉིན་མོ་ཟས་ཀྱིས་གྲོད་པ་རྒྱགས། །
མཚན་མོ་གོས་ཀྱིས་ལུས་པོ་དྲོད། །
སྡོད་ཁང་ཐོག་རྩེག་ཉིས་ལྡན་ཡིན། །
ཁང་ཧྲུལ་རླུང་ཚང་མཐོང་རྒྱུ་མེད། །
སྣུམ་བཞུ་མིང་གི་ལྷག་མར་གྱུར། །
དཀར་གསལ་གློག་གི་འོད་མདངས་བཀྲ། །
ཁང་ཆུང་དུ་བས་སྦགས་དགོས་མེད། །
ཁམས་གཙང་ལྕགས་ཐབ་གློག་ཐབ་ཡོད། །
ད་ལྟའི་སྤྱི་ཚོགས་གསར་པ་འདིར། །
གཙང་སྦྲ་དོད་པས་མི་ཚེ་རིང་། །
རྐང་པ་ཞར་དང་ཞོར་ལ་བཀྲུས། །
སེན་མོ་ཡང་ནས་ཡང་དུ་གཏུབ། །
མཐོང་ཚད་ཁ་ལ་ཟ་མཁན་མེད། །
བདེ་ཐང་ཤེས་བྱར་སློབ་སྦྱོང་གིས། །
ཟོག་རོ་གད་སྙིགས་གཙང་སེལ་བྱས། །
ནད་རིགས་སྔོན་འགོག་ཐབས་ལམ་སྤེལ། །
ནད་རིགས་བྱུང་ན་སྨན་པ་བསྟེན། །
ལྷ་ཀླུ་རྣམས་ལ་བརྟེན་དགོས་མེད། །
འགྲོ་ལམ་ཀྱག་ཀྱོག་འགྲིམ་དགོས་མེད། །
སྣུམ་ནག་གཞུང་ལམ་སྟབས་བདེ་ཡོད། །
དབོར་འདྲེན་ཁལ་ཕྱུགས་བརྟེན་དགོས་མེད། །
འཕྲུལ་འཁོར་སྣ་ཚོགས་ཁལ་གཤོགས་ཆེ། །
མི་ཕྱུགས་འཐུང་ཆུ་ཁག་ཁག་ཡོད། །
གཙང་སྦྲའི་ལས་འགུལ་སྤེལ་བ་ནས། །
གད་སྙིགས་གང་སར་གཡུག་མཁན་མེད། །
བཙོག་གཅིན་གང་སར་གཏོང་མཁན་མེད། །
ཁོར་ར་ཁོར་ཡུག་གཙང་སྦྲ་དོད། །
རི་ཀླུང་གང་སར་ནགས་ཚལ་བཏབ། །
ཡུལ་ལྗོངས་མཛེས་པའི་ཁྱིམ་གཞིས་བསྐྲུན། །
རིག་གནས་མེད་པའི་བུ་ཕྲུག་རྣམས། །
སློབ་གྲྭ་འགྲིམ་པའི་གོ་སྐབས་བྱུང་། །
ཡིག་རྨོངས་ཞ་ར་ལྐུགས་པ་རྣམས། །
མིག་གི་རྒྱ་མོ་ལྷག་པར་ཕྱེ། །
ད་ལྟའི་སྤྱི་ཚོགས་གསར་པ་འདིར། །
གདུག་རྩུབ་ཆེ་བའི་ཁྲིམས་ཆད་མེད། །
རྡོ་ཞྭ་ཀོ་བཏུམ་རྟ་ལྕག་དང་།
སྨྱུག་གཟེར་རྒྱུག་པ་རྒྱང་བཞི་ཡིས། །
རྩུབ་སྤྱོད་མིག་རིལ་བཏོན་པ་དང་། །
སྣ་བྲེགས་ལྕེ་བྲེགས་ལ་སོགས་ཀྱི། །
མི་བཟོད་མནར་གཅོད་གཏོང་མཁན་མེད། །
རྨོངས་དད་བྱ་བའི་འཆལ་གཏམ་ལ། །
ཡིད་ཆེས་མེད་པའི་མི་དམངས་རྣམས། །
འཕེལ་རྒྱས་གཏོང་བའི་བློ་སྒོ་ཕྱེ། །
རྟ་དྲེལ་མཛོ་ཕྱུགས་བརྟེན་པ་དང་། །
བྱ་དེ་ཕག་པ་གསོས་པ་བརྒྱུད། །
རྨོངས་གཉིད་སད་པས་འཕེལ་རྒྱས་ཆེ། །
འཕེལ་རྒྱས་ཆེ་བས་ཡོང་འབབ་མང་། །
གདུག་རྩུབ་ཆེ་བའི་སྤྱི་ཚོགས་སུ། །
ཁྲལ་རིགས་སྐྲ་ལས་མང་བ་ཡོད། །
གུང་ཁྲན་ཏང་གི་བཀའ་དྲིན་གྱིས། །
ས་ཞིང་བཏབ་པ་རང་ལ་བདག །
ཕྱུགས་རིགས་གསོས་པ་རང་ལ་བདག །
སྡོད་ཁང་རང་བདག་ཉམས་བཟོ་བྱེད། །
ད་དུང་ཁ་གསབ་སྣ་ཚོགས་བྱིན། །
རྒྱལ་ཁབ་ཐུགས་ཁུར་རྫོགས་རྒྱུ་མེད། །
སློབ་གསོ་སྨན་བཅོས་རྒན་གསོ་ལ། །
འགན་ལེན་འགན་བཅོལ་འཐུས་ཚང་ཡོད། །
ཞིང་གྲོང་དར་སྤེལ་བཏང་ནས་ནི།
ཞིང་ཐང་གྲུ་བཞིར་ཆུ་ཡུར་བཟོས། །
ཤིང་འཛུགས་ནགས་བཟོའི་ལས་དོན་གྱིས། །
ཕ་ཡུལ་སྔོ་ལྗང་ཅན་དུ་བསྐྲུན། །
དེ་ལྟའི་ཕན་ཡོན་ལེགས་བྱས་རྣམས། །
ལྕེ་བརྒྱར་སྤྲུལ་ཀྱང་བརྗོད་ནུས་མིན། །
གང་འདིར་གླེང་བའི་ཆ་ཤས་རྣམས། །
རྒད་པོའི་མཐོང་བ་མྱོང་ལྡན་ཡིན། །