དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • འཚོ་བ་གསར་པར་བསྟོད་པའི་གནའ་ཉམས་ལྡན་པའི་ལྷོ་ཁའི་འཇུ་བྲོ། བཙན་པོའི་བང་སོའི་འགྲམ་ནས་བསྒྲགས་པའི་འཇུ་བྲོའི་རྔ་སྒྲ་ལྷང་ལྷང་།

    བྲན་གཡོགས་ཞིག་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུ་བྲོའི་རྒྱུན་འཛིན་པར་གྱུར་བའི་བགྲེས་སོང་ཉི་མའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    ལྷོ་ཁ་གྲོང་ཁྱེར་ནས་ལྷོ་ངོས་སུ་སྤྱི་ལེ་ཉི་ཤུ་ལྷག་བསྐྱོད་རྗེས་རིག་གནས་ཀྱི་རྗེས་ཤུལ་མང་བའི་འཕྱོངས་རྒྱས་རྫོང་དུ་འབྱོར། འཕྱིང་བ་སྟག་རྩེའི་རིའི་འདབ་རོལ་ན་སྤུ་རྒྱལ་བོད་ཀྱི་བཙན་པོ་མང་དག་ཅིག་གི་བང་སོ་ཆེ་ཆུང་སྣ་ཚོགས་མིག་ལམ་དུ་ཁྲ་ལམ་མེར་འཆར་དུས། སྔོན་བྱོན་མེས་པོ་རྣམ་པས་ཡུལ་ཁྱད་པར་ཅན་འདི་ནས་དུས་ཀྱི་འཕོ་འགྱུར་རིང་མོའི་ཁྲོད་ཀྱི་གཏམ་རྒྱུད་སྣ་ཚོགས་ལ་ཁུ་སིམ་མེར་ཉན་ནས་བསྡད་ཡོད་པའི་སྣང་བ་ཞིག་ངང་ཤུགས་ཀྱིས་ཚོར་བྱུང་། 

    འཕྱོངས་རྒྱས་འཕྱོངས་རྒྱས་མ་གསུངས།། ཟླ་བ་སྒྲོལ་མ་དྲན་བྱུང་།། འཕྱོངས་རྒྱས་ཟླ་བ་སྒྲོལ་མའི།། སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་སོགས་པའི་འཕྱོངས་རྒྱས་ཡུལ་དུ་ཟླ་བ་སྒྲོལ་མ་དང་འབྲེལ་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་སྙན་མོ་སྣ་ཚོགས་རྣ་བར་ཐོས་རྒྱུ་འདུག་ལ། སྔ་རྗེས་སུ་ཁ་བྲོ་བཀྲ་ཤིས་སྤུན་བདུན་འབག་དཀར་པོའི་ལྷ་མོ་དང་། འཇུ་གྲོང་ཚོའི་བྲོ་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་གཏམ་བཟང་ཡང་ཐོས་རྒྱུ་འདུག་པས། ང་ཚོ་བཅར་འདྲི་ཚོགས་ཆུང་ཡུལ་འདི་གར་རྒྱུས་ལོན་གང་མང་བྱེད་འདོད་ཀྱི་བློ་རབ་ཏུ་འཕེལ།

    བང་སོའི་མདུན་གྱི་རྡོ་རིང་ཐོག་མེས་པོའི་སྔར་སོང་གི་གཏམ་རྒྱུད་བཀོད་ཡོད་པ་ཇི་བཞིན། འཕྱོངས་རྒྱས་ཀྱི་ཡུལ་མི་ཚོས་ཀྱང་མེས་པོའི་འགྲམ་ནས་དུས་ཀྱི་འཕོ་འགྱུར་རིང་མོའི་ཁྲོད་བྱུང་བའི་རང་རང་གི་མངར་སྐྱུར་ལྡན་པའི་འཚོ་བའི་གཏམ་རྒྱུད་སྣ་ཚོགས་འབྲི་བཞིན་ཡོད་པ་རེད། ང་ཚོ་བཅར་འདྲི་ཚོགས་ཆུང་ཡང་དགུང་ལོ་བརྒྱད་ཅུ་ཕེབས་པའི་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་བགྲེས་སོང་ཉི་མ་ལགས་ཀྱི་མི་ཚེའི་གཏམ་རྒྱུད་ཉན་འགོ་ཚུགས་པ་ཡིན།

    འདི་ནི་བགྲེས་སོང་ཉི་མས་རང་ཁྱིམ་གྱི་སྒོ་རའི་ནང་དུ་འཇུ་བྲོ་འཁྲབ་སྟོན་བྱེད་བཞིན་པ།

    འཇུ་བྲོ་འཁྲབ་ནས་ཁྲལ་འཇལ་དགོས་པའི་བྲན་གཡོགས་ཞིག 

    བགྲེས་སོང་ཉི་མ་ལགས་ནི་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་ཞིང་པ་ཡིན་པ་དང་། ཁོང་གི་གཟུགས་པོའི་ཡང་ཤ་དོད་ལོས་དེར་བལྟས་ཚེ་ད་ལོ་དགུང་ལོ་བརྒྱད་ཅུར་སླེབས་པ་སུས་ཀྱང་ཧ་གོ་དོགས་མེད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱེད་གོང་ངའི་ནང་མི་ཚང་མ་འཕྱོངས་རྒྱས་རྫོང་གི་གཞིས་ཀ་ཞིག་གི་ཞིང་བྲན་རེད། ང་རང་རྒྱུན་དུ་སྐུ་དྲག་ཚོའི་ཕྱུགས་འཚོ་བ་དང་ཞིང་འདེབས་པ་ཕུད། སྐུ་དྲག་ཚོ་སྤྲོ་སྐྱིད་གཏོང་སྐབས་དང་རི་བོ་བདེ་ཆེན་དགོན་གྱི་བྱེད་སྒོ་ཆེ་ཁག་ལ་འཇུ་བྲོ་འཁྲབ་ནས་ཁྲལ་རྒྱུག་དགོས་ཀྱི་ཡོད་ཅེས་བགྲེས་སོང་ཉི་མས་གསུངས།

    བྲོ་འཁྲབ་ནས་ལོ་60ལྷག་ཙམ་ཕྱིན་སོང་། སྤྱི་ཚོགས་རྙིང་པར་འཕྱོངས་རྒྱས་ཀྱི་རི་བོ་བདེ་ཆེན་དགོན་དུ་བྱེད་སྒོ་ཆེ་གྲས་སྤེལ་སྐབས་སྐུ་ངོ་ཡིས་འཇུ་བྲོའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་ནས་རི་སྟེང་དུ་ཆགས་པའི་དགོན་པའི་བར་འཁྲབ་ཏུ་བཅུག་པ་དང་། སླར་ཡང་དགོན་པ་ནས་གྲོང་ཚོའི་ནང་དུ་འཁྲབ་ཀྱིན་འགྲོ་རུ་འཇུག་གི་ཡོད། ལུས་སྟེང་གི་འཁྲབ་ཆས་ལྗིད་པའི་སྟེང་ཡར་མར་སྤྱི་ལེ་ཁ་ཤས་རྒྱུག་དགོས་པས་དཀའ་ལས་ཁག་ནས་དབུགས་ཆད་གྲབས་བྱེད་ཀྱི་འདུག 

    སྤྱིར་བོད་ཀྱི་ས་ཕྱོགས་མང་པོར་བྲོ་དར་ཁྱབ་བྱུང་ཡོད། དཔེར་ན་ཆབ་མདོའི་བྲོ་དང་ལྷོ་ཁའི་བྲོ་སོགས་ཡུལ་ལུང་སོ་སོའི་དམིགས་བསལ་གྱི་དགེ་མཚན་ནམ་ཁྱད་ཆོས་སྣ་ཚོགས་ལྡན་པའི་བྲོ་ཁག་མང་པོ་ཡོད། ཤོད་སྲོལ་ལ་སྤྱི་ལོའི་དུས་རབས་8པའི་དུས་དཀྱིལ་དུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་པའི་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་ལྷོ་ཁའི་འཇུ་བྲོ་འཁྲབ་སྟོན་བྱས་མྱོང་བས་ད་བར་དུ་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་རིང་མོ་ལྡན།

    ལྷོ་ཁའི་ཁུལ་དུའང་བྲོ་ཁག་བཅོ་བརྒྱད་ཡོད། དེ་ཡང་གནམ་བྲོ་དང་། བར་བྲོ། ས་བྲོ་བཅས་རིགས་གསུམ་དུ་དབྱེ། ང་ཚོ་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་བྲོ་དེ་བར་བྲོ་རེད། འཇུ་བྲོ་འཁྲབ་པར་སྐྲ་རིང་པོ་འཇོག་དགོས་པས། ཁྲལ་ལས་གཡོལ་ཆེད་ལྐོག་ཏུ་སྐྲ་བྲེགས་མཁན་ཡོད་ཀྱང་། ཕན་ཐོགས་གང་ཡང་མེད། ཁྲལ་ལས་གཡོལ་མི་ཐུབ་པའི་ཁར། ད་དུང་ཉེས་རྡུང་དྲག་པོ་ཕོག་གི་ཡོད། འཇུ་བྲོ་འཁྲབ་དུས་མགོ་བོའི་སྐྲ་ལོ་དང་། སྐེད་པའི་རྔ། རྐང་པའི་སྤོ་ཕྱོགས་སོགས་ཀྱི་སྟངས་སྟབས་གཅིག་མཚུངས་མ་བྱུང་བར་ནོར་བ་སོགས་བྱུང་ཚེ་བྲོ་པ་རང་ཉིད་ལ་ཉེས་ཆད་ཕོག་པ་གང་ཞིག་བྲོ་པའི་ཁྱིམ་ཚང་ལའང་ཆད་པ་ནན་པོ་བཅད་ཀྱི་ཡོད།

    འཇུ་བྲོ་འཁྲབ་དུས་བྲོ་པས་དཔྱིད་མགོར་བཏགས་པའི་རྔ་རྡུང་དགོས་པ་ཕུད། དུས་གཅིག་ཏུ་སྐེད་པ་བསྒུར་ནས་མགོ་བོའི་སྐྲ་ལོ་ལན་མང་གཡུག་པ་ནི་འཇུ་བྲོའི་ཁྱད་ཆོས་ཞིག་ཀྱང་རེད། སྐྲ་ལོ་གཡུག་རྒྱུ་དེ་ལྟ་སྣང་ལ་ལས་སླ་མདོག་ཁ་པོ་ཞིག་ཡོད་རུང་དུས་གཅིག་ཏུ་བྲོ་འཁྲབ་པ་དང་སྐྲའི་ལན་བུ་གཡུག་པར་དཀའ་ངལ་ཆེ་ཙམ་ཡོད། ལྷག་པར་དུ་སྐབས་དེ་དུས་བྲོ་པ་མང་པོ་ཞིག་ངལ་དུབ་ཀྱིས་མ་བཟོད་པར་མགོ་གཡུག་ཤུགས་ཆེ་བའི་ཐོག་རྒྱུན་རིང་པོ་གཡུག་དགོས་སྟབས། མགོ་ཡུ་འཁོར་ནས་སར་འགྱེལ་བ་དང་། སྐྱུག་པ་ཤོར་བ། ཁྲག་བསྐྱུགས་པ། ཐ་ན་བྲོ་པ་འགའ་ཤས་བྲོས་འགྲོ་བ་སོགས་ཀྱི་གནས་ཚུལ་སྣ་ཚོགས་ཐོན་གྱི་ཡོད་ཅེས་བགྲེས་སོང་ཉི་མས་དྲན་གསོ་བྱེད་བཞིན་གསར་འགོད་པར་བཤད།

    འདི་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཇུ་བྲོའི་རྒྱུན་འཛིན་པའི་གཟེངས་རྟགས་ཡིན་པ།

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུ་བྲོའི་རྒྱུན་འཛིན་པ་ཞིག

    བོད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས་འཇུ་བྲོའི་འཁྲབ་སྟོན་རུ་ཁག་རིམ་གྱིས་ཁ་ཐོར་བ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ང་རང་ཡང་གང་སར་ཡོང་འབབ་གསོག་པར་བསྐྱོད་པ་དང་རྒྱ་ཚ་རྫོང་དུ་ཁྱིམ་ཚང་བཟུང་བ་ཡིན། ཆུང་དུས་ནས་བྲོ་འཁྲབ་པ་དང་འཇུ་བྲོའི་དགེ་རྒན་བྱས་མྱོང་བས་བྲོ་དེར་དམིགས་བསལ་མ་ཡིན་པའི་བརྩེ་དུང་ཟབ་མོ་ཡོད། མ་གཞི་འཁྲབ་སྟོན་རུ་ཁག་ཁ་ཐོར་སོང་ཡང་སེམས་གཏིང་ནས་བྲོ་དེ་དོར་བསམ་པའི་བློ་རྩ་བ་ནས་སྐྱེ་མ་མྱོང་། 

    ཕྱིས་སུ་རྫོང་རིག་རྩལ་དྲིལ་བསྒྲགས་རུ་ཁག་གིས་ཀྱང་མཐོང་ཆེན་གནང་བས། འཇུ་བྲོ་དེར་གསོན་ཤུགས་གསར་པ་ཞིག་བྱུང་སོང་།

    ང་རང་ལོ་ཉི་ཤུའི་ཡས་མས་ནས་བཟུང་སྟེ་འཇུ་བྲོའི་དགེ་རྒན་བྱས་པ་ཡིན། བྲོ་དེ་ནི་ཡུལ་གཞན་གྱི་བྲོ་དང་མི་འདྲ་བར། འཁྲབ་སྟོན་བྱེད་མཁན་སྐྱེས་པ་ཤ་སྟག་དགོས་ཀྱི་ཡོད། ད་ལྟ་ཕྱིར་དྲན་ཞིག་བྱེད་དུས་ཕལ་ཆེར་མི་ཚེ་གང་པོར་སློབ་མ་བརྒྱད་ཅུ་ལྷག་ལ་འཇུ་བྲོ་བསླབས་འདུག 

    ཆུང་དུས་སུ་འཇུ་བྲོ་འཁྲབ་པ་ནི་ཁྲལ་འཇལ་བྱེད་རང་ཡིན། འོན་ཀྱང་དེང་སང་འཇུ་བྲོ་ལ་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་གཟབ་བཞེས་གནང་བས། བྲོ་པ་ཚོར་རང་ཉིད་ཀྱི་འཁྲབ་ཆས་ཁག་འགའ་ཤས་ཡོད་པ་དང་། འཇུ་བྲོ་འཁྲབ་སྟོན་བྱེད་རིང་གི་འགྲོ་སོང་ལ་འགན་ལེན་ཡོད་པ། ཐ་ན་བྲོ་པ་ཚོར་འཁྲབ་སྟོན་བྱས་པའི་ཡོང་འབབ་ཡང་ཡོད་པས། སྔོན་མའི་ཁྲལ་འཇལ་བྱེད་ཀྱི་སྡུག་ལས་ཞིག་ནས་ད་ཆ་ཁྱིམ་གྱི་ཡོང་འབབ་གསོག་པའི་ནོར་བུ་ཞིག་ཏུ་གྱུར་བསམ་པ་མེད། 

    2014ལོར་འཇུ་བྲོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུའང་ཚུད་སོང་། དེས་མ་ཟད་2018ལོར་ང་རང་ཉིད་ཀྱང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཇུ་བྲོའི་རྒྱུན་འཛིན་པའི་

    ཚབ་བྱེད་རང་བཞིན་རྣམ་གྲངས་འཇུ་བྲོའི་ཚབ་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་བྱུང་ཞེས་བགྲེས་སོང་ཉི་མས་སྤོབས་ཉམས་དང་ལྡན་པའི་ངང་ནས་བཤད།

    ལྷག་པར་དུ་དེང་སང་འཇུ་བྲོ་དེར་དོ་སྣང་བྱེད་མཁན་མང་བས་གྲོང་ཚོའི་གཞོན་སྐྱེས་ཚོས་འཇུ་བྲོ་ལ་སེམས་གཏིང་ནས་དགའ་ཞེན་བྱེད་ཅིང་ཧུར་བརྩོན་སྔར་ལས་ཆེ་བས་འཇུ་བྲོའི་འཁྲབ་སྟོན་རུ་མི་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ད་ཡོད་ཀྱི་སློབ་མ་ཚོས་ཀྱང་རང་སྐྱ་འཕེལ་བའི་སྒོ་ནས་འཇུ་བྲོ་འཁྲབ་སྟོན་བྱེད་ཐུབ་ཀྱི་ཡོད། 

    འཇུ་བྲོའི་འཁྲབ་སྟོན་ནི་ཅུང་དལ་བ་ནས་མགྱོགས་སུ་འགྲོ་བཞིན་ཡོད། འཁྲབ་སྟོན་བྱེད་དུས་རྔའི་མཚམས་ཚིགས་ལ་བསྟུན་ནས་འཁྲབ་པ་དང་སྐྲའི་ལན་བུ་གཡུག་དགོས་པས་ལྟད་མོ་བ་སུ་འདྲ་ཞིག་ཡིན་རུང་དགའ་བསུ་ཆེན་པོ་ཐོབ་ཀྱི་འདུག་ཅེས་བགྲེས་སོང་ཉི་མའི་གདོང་ལས་དགའ་སྣང་ཆེན་པོ་ཡོད་པ་གསར་འགོད་པས་ཚོར་བྱུང་ལ། འཇུ་བྲོ་འཁྲབ་སྟོན་བྱས་པའི་དཔེ་བཟང་ཡང་རེ་རེ་བཞིན་ངོ་སྤྲོད་བྱས་བྱུང་།

    2009ལོར་འཇུ་བྲོ་དེ“ཀྲུང་གོའི་མི་རིགས་དམངས་ཁྲོད་སྲོལ་རྒྱུན་རོལ་དབྱངས་ཞབས་བྲོའི་འཁྲབ་སྟོན་གྱི་བྱེད་སྒོའི”ཁྲོད་མི་རིགས་དམངས་ཁྲོད་ཀྱི་ཞབས་བྲོའི་རིགས་ཀྱི་དངུལ་གྱི་བྱ་དགའ་ཐོབ་པ། 

    2011ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དང་པོའི་བཅོ་ལྔའི་དགོང་ཚོགས་ཐོག་འཇུ་བྲོ《བཀྲ་ཤིས་པའི་རྔ་ཚིགས》ཞེས་པ་འཁྲབ་སྟོན་བྱས་བ།

    2015ལོར་འཇུ་བྲོ་དེ་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྐབས་བཅུ་པའི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་འགོ་ཚུགས་འཁྲབ་སྟོན་ཐོག་བདམས་པ།

    2018ལོར་འཇུ་བྲོ《ལྷོ་ཁའི་བྲོ་གཞས》ཞེས་པ་དེ་རྒྱལ་ཡོངས་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས་སྟེ་སྐབས་བཅུ་གསུམ་པའི་རི་སྐྱེས་མེ་ཏོག་གི་བྱ་དགའ་སྤྲོད་པའི་མཚན་ཚོགས་སུ་འཁྲབ་སྟོན་བྱས་པ་དང་ཕུལ་བྱུང་གི་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་གྱི་བྱ་དགའ་བཅས་ཐོབ་ཡོད།

    འདི་ནི་བྲོ་དཔོན་ཉི་མས་འཇུ་བྲོའི་འཁྲབ་སྟོན་རུ་ཁག་དང་མཉམ་དུ་གར་སྟེགས་ཐོག་འཇུ་བྲོ་འཁྲབ་སྟོན་བྱེད་བཞིན་པ།

    བདེ་ཞིང་སྐྱིད་པའི་འཚོ་བ་གསར་པར་དཔང་པོ་བྱེད་མཁན་ཞིག

    འཕྱོངས་རྒྱས་རྫོང་ནས་རླངས་འཁོར་བསྡད་དེ་སྐར་མ་བཅུ་ལྷག་ཙམ་ཕྱིན་པས་འཇུ་གྲོང་ཚོའི་སྣུམ་ནག་གཞུང་ལམ་འགྲམ་ནས་བགྲེས་སོང་ཉི་མ་ལགས་ཀྱི་ཁྱིམ་དུ་འཕྲལ་མར་འབྱོར།

    རྒྱ་ཆེ་ཞིང་གཙང་སྦྲ་དོད་པའི་སྒོ་རའི་ནང་འཛུལ་མ་ཐག་མེ་ཏོག་སྣ་ཚོགས་ཁྲ་ཆིར་ལེར་བཞད་འདུག་ཅིང་རྡོ་བརྩིགས་ཀྱི་ཁང་བཟང་ཉིས་ཐོག་བྱས་པའི་གཤམ་ནས་བགྲེས་སོང་ཉི་མའི་བུ་མོས་འཛུམ་དམུལ་དམུལ་ངང་ང་ཚོ་ཁྱིམ་གྱི་ནང་དུ་བསུ་བ་ཞུས་བྱུང་།

    ཆ་སྒམ་དང་གྱང་སྟེང་དུ་བགྲེས་སོང་ཉི་མ་དང་ཁོ་པའི་ཚ་བོ་ཡི་གཟེངས་བསྟོད་དཔང་ཡིག་སྣ་ཚོགས་ཀྱིས་ཁེངས་འདུག ཆ་སྒམ་གྱི་མངོན་གསལ་དོད་པའི་ས་ཆར་བགྲེས་སོང་ཉི་མས་རང་གི་ཚ་བོར་འཇུ་བྲོ་ཁྲིད་སྟོན་བྱེད་པའི་པར་དེར་གསར་འགོད་པ་དོ་སྣང་ཆེན་པོ་བྱུང་།

    ང་རང་གི་ཚ་བོ་ཚེ་རིང་དོན་གྲུབ་ཀྱང་འཇུ་བྲོ་འཁྲབ་རྒྱུར་ཤིན་ཏུ་དགའ་པོ་ཡོད། 2020ལོའི་ཟླ་9པར་ཚ་བོ་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་ལ་ཚུད་སོང་། ཁོ་པ་ཆུང་དུས་ནས་འཇུ་བྲོའི་སྐོར་གྱི་གཏམ་རྒྱུད་སྣ་ཚོགས་ཉན་རྒྱུར་ཧ་ཅང་དགའ་པོ་ཡོད། དུས་ཁོམ་བྱུང་རིམ་བཞིན་འཇུ་བྲོ་འཁྲབ་རྒྱུར་ཤིན་ཏུ་དགའ། ནང་སའི་སློབ་འབྲིང་དུ་བྲོའི་འཁྲབ་ཆས་ཆ་ཚང་ཞིག་འཁྱེར་ནས་འགྲན་བསྡུར་ཞིག་ནང་འཇུ་བྲོ་འཁྲབ་སྟོན་བྱས་འདུག དེས་མ་ཟད་དཔེ་བཟང་རིམ་པ་གཉིས་པ་ཡང་ཐོབ་འདུག་ཅེས་བགྲེས་སོང་ཉི་མའི་སྨྲ་སྒོ་ཕྱེ་ཚུལ་ལས། ཁོང་གིས་དེང་གི་འཚོ་བར་སྐྱིད་སྣང་ཆེ་ལུགས་ངང་གིས་མངོན་བཞིན་འདུག

    2016ལོའི་ཟླ་6ཚེས་25ཉིན་ནི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད། བགྲེས་སོང་ཉི་མ་ལགས་ཀྱང་རང་ཉིད་ཀྱི་འཇུ་བྲོའི་འཁྲབ་སྟོན་རུ་ཁག་དང་མཉམ་དུ་ལྷོ་ཁའི་འབབ་ཚུགས་སུ་དམིགས་བསལ་གྱི་དོན་སྙིང་ལྡན་པའི་ཉིན་མོར་རྟེན་འབྲེལ་གྱི་བྲོ་གར་འཁྲབ་སྟོན་བྱེད་པར་སླེབས་ཡོད། དེ་ཉིན་རང་ཁྱིམ་གྱི་སྒོ་ཁར་ལྕགས་ལམ་ཤར་གཏོང་ཐུབ་ཡོང་བ་བསམ་པ་བགྲེས་སོང་ཉི་མའི་བློ་ཡུལ་ལའང་མེད།

    ང་རང་གི་ཚ་བོ་ཙམ་མ་ཟད་ཕ་ཡུལ་གཅིག་པའི་ཡུལ་མི་ཚོ་རང་ཁྱིམ་གྱི་སྒོ་ཁ་ནས་ལྕགས་ལམ་བསྡད་དེ་ཡུལ་ཕྱོགས་གཞན་ལ་འགྲོ་ཡོང་བསམ་པ་མེད། ང་ཚོ་འཇུ་བྲོ་འཁྲབ་སྟོན་རུ་ཁག་རྒྱལ་ས་པེ་ཅིང་དང་། ཤང་ཀང་། ཀོང་ཀྲུའུ། ཐེའེ་ཝོན་སོགས་ས་ཆ་མང་པོར་འཁྲབ་སྟོན་བྱེད་པར་ཕྱིན་པ་ཡིན་ཞེས་བགྲེས་སོང་ཉི་མས་གཅིག་རྗེས་གཉིས་མཐུད་ངང་ནང་སའི་ས་ཆ་ཁག་མ་ནོར་བར་གསར་འགོད་པར་བཤད་བྱུང་བས་ཁོང་གིས་དེང་གི་འཚོ་བ་གསར་པར་དགའ་སྣང་ཟབ་མོ་འཆང་བཞིན་ཡོད་པ་ཤེས་ཀྱི་འདུག

    གསར་འགོད་པ། བསོད་ནམས་དབང་འདུས། བདེ་སྐྱིད་སྒྲོལ་དཀར། གྲགས་པ་དབང་ཆེན། བདེ་ཆེན་དགྲ་འདུལ། བསོད་ནམས་བཀྲ་ཤིས། བདེ་སྐྱིད་བུ་ཁྲིད། བསྟན་འཛིན་གསལ་སྒྲོན། ཉི་མ་ཚེ་རིང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།