བུད་མེད་ཀྱི་མཛེས་པ།
བུད་མེད་ནི་མེ་ཏོག་མ་རེད།
འོན་ཀྱང་སྤང་མེ་ཏོག་ལྟར་གྱི་མཛེས་སྡུག་མངའ།
བུད་མེད་ནི་ཚང་ཚིང་ནགས་ཚལ་མ་རེད།
འོན་ཀྱང་གནག་སྣུམ་སྐྲ་ལོའི་ལན་བུ་ལྡན།
བུད་མེད་ནི་ནམ་མཁའི་སྐར་མ་མ་རེད།
འོན་ཀྱང་ཁྲ་ཆེམ་གྱི་སྐར་མའི་མིག་ཟུང་ལྷག་པར་གཡོ།
བུད་མེད་ནི་བྱུ་རུ་མ་རེད།
འོན་ཀྱང་པད་མའི་བཞིན་གྱི་མཁུར་ཚོས་བྱུ་རུ་ལས་དམར།
བུད་མེད་ནི་གངས་དཀར་མ་རེད།
འོན་ཀྱང་འཛུམ་དཀར་ཞལ་གྱི་ཚེམས་ཕྲེང་གངས་ལས་དཀར།
བུད་མེད་ནི་ནམ་མཁའ་མ་རེད།
འོན་ཀྱང་བྱམས་དང་བརྩེ་བ་ནམ་མཁའ་ལས་ཡངས།
བུད་མེད་ནི་ས་གཞི་མ་རེད།
འོན་ཀྱང་དཀའ་སྤྱད་ཁུར་བཟོད་ཀྱི་སྙིང་སྟབས་ས་གཞི་ལས་བརྟན།