བུད་མེད་གནམ་གྱི་བདག་མོ།
བུད་མེད་གནམ་གྱི་ཕྱེད་ཀ་སྟེ། །
འཇིག་རྟེན་གྲུབ་པའི་ཆ་ལག་ཡིན། །
ཁྱིམ་གཞིས་སྐྱོང་བའི་གཞི་མ་ཡིན། །
བུད་མེད་དུས་ཆེན་དགའ་བས་གཏོང་། །
སེམས་ཅན་ཐམས་ཅད་ཕ་མ་ཡིན། །
དེ་ལས་ཀྱང་ནི་ཨ་མ་ཡིན། །
ཨ་མས་གཙོས་པའི་བུད་མེད་ཀུན། །
དུས་ཆེན་སྐྱིད་པའི་སྨོན་འདུན་ཞུ། །
གཡང་ཁྱིམ་ཚང་གི་བདག་མོ་ཡིན། །
ཁྱིམ་གྱི་དྲོད་ཁོལ་འཁྱིལ་ས་ཡིན། །
མཛངས་མ་འཛུམ་དཀར་ལྷ་མོ་ཡི། །
མངའ་ཐང་རྒྱས་པའི་དུས་ཆེན་སྤྲོ། །
བརྩེ་བའི་སྙིང་གཏམ་ཤོད་ས་ཡིན། །
དུང་བའི་ཟུར་མིག་འཕེན་ས་ཡིན། །
རྟག་ཏུ་དགའ་བའི་དགའ་མ་ཡིན། །
མཛའ་ཞིང་དགའ་བའི་དུས་ཆེན་སྐྱིད། །
བུད་མེད་གནམ་གྱི་ཕྱེད་ཀ་ཡིན། །
སྟག་ཤར་དེ་ལས་མ་འདས་སོ། །
ཕོ་མཆོག་མོ་དམན་མི་ལྟ་བར། །
འཆམ་མཐུན་ལྡན་པའི་དུས་ཆེན་རོལ། །
ཤེས་རིག་པད་མའི་སྐྱེད་ཚལ་དུ། །
ཕོ་མོ་དབྱེ་བ་མི་འབྱེད་པར། །
བློ་གྲོས་སྣང་བ་དཀར་པོ་དེ། །
རྟག་ཏུ་འཛུམ་པའི་སྨོན་འདུན་ཞུ། །