དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བུད་མེད་ལ་བསྟོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྣག་ཚ་ནག་པོ།   |     སྤེལ་དུས།  2024-03-17

    འཛུམ་ཆུང་པདྨོ་དཀར་པོའི་འོག་ནས་གླུ་ངག་སྙན་མོ་དབྱངས་ལ་བཀུག །

    ངང་རྒྱུད་ཆུ་མོ་རྒྱང་ལ་བཞུར་ནས་བརྩོན་པའི་གཙང་ཆབ་ཧུབ་ཀྱིས་བཏུངས།།

    ཞི་འཇམ་རང་གཤིས་ལུས་ལ་གྱོན་ཞིང་སྙིང་རྗེའི་བྱམས་པ་རུམ་དུ་བཅུག །

    བུ་དང་ཚ་བོའི་ཚེ་སྲོག་བསྐྱངས་ནས་རླབས་ཆེན་དབྱངས་རྟ་མཁའ་རུ་འཐེན།།


    ཆུ་ཤེལ་ཟླ་བ་དགུང་ལ་གསལ་བས་ས་གཞིའི་མུན་པ་ཧ་རེར་བཅོམ།།

    དྲི་བཞོན་རླུང་བུ་སྤང་ལ་ལྡང་བས་མེ་ཏོག་བསུང་ངད་ཀུན་ལ་ཁྱབ།།

    མཚེར་ས་གྲུ་བཞི་རྩྭ་ཡིས་ཕྱུག་པས་རྟ་ནོར་གཡང་ཟོག་ངང་གིས་འཁོར།།

    ཀུན་གྱི་རྩ་བ་མ་ལོ་ཡིན་པས་འགྲོ་བ་མི་ཡི་རིགས་རྒྱུད་འཕེལ།།


    དཀའ་སྤྱད་སྙིང་རུས་རྡོ་ལ་བརྡར་ཞིང་ཁྱིམ་གཞིས་དྲོན་མོ་ཕྲག་གིས་བཏེགས།།

    བརྩེ་བའི་རི་མོ་བྲང་ལ་བྲིས་ཤིང་དུང་སེམས་ཟེགས་མ་རླབས་བཞིན་འཕྱོ།།

    ལྷག་བསམ་ཟིལ་འབྲུ་གཞིས་ལ་བཏབ་ཅིང་ནང་མི་ལྷན་འཛོམས་དྲོད་ཀྱིས་བཀང་།།

    ཤ་ཚའི་སྙིང་གཏམ་ཀུན་ལ་འཇོ་མཁས་གཤིས་བཟང་བུད་མེད་ཀུན་གྱིས་བསྟོད།།


    ལོ་རྒྱུས་མེ་ལོང་ཆར་གྱིས་བཀྲུས་པས་བུད་མེད་མཛད་པ་རིལ་གྱིས་གསལ།།

    དུས་རབས་གསར་པའི་ཤོག་ལྷེ་ཕྱེ་བས་བུད་མེད་ཡོན་ཏན་གསལ་ལེར་འཆར།།

    སྐྱེས་པའི་བུ་ལོ་བྱམས་ཀྱིས་བསྐྱངས་པས་ཚེ་སྲོག་ཆུ་རྒྱུན་རིང་དུ་བསྲིངས།།

    གསུམ་པའི་བརྒྱད་ཀྱི་དུས་ཆེན་ཉིན་མོར་བུད་མེད་རྣམས་ལ་སེམས་ཀྱིས་བསྟོད།།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།