དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གུ་དཔལ་ཤིས།   |     སྤེལ་དུས།  2024-03-17

    ཨ་མ།

    འཇིག་རྟེན་ཆུང་དྲགས་ནའང་།

    ཁྱོད་རང་ཡོད་པས།

    ང་ཡི་འཛུམ་མདངས་ལ་ཡལ་བ་མེད།


    ཨ་མ།

    ལས་ཀྱི་ལྷགས་རླུང་གིས་གཙེས་པའི་འཚོ་བར།

    ཁྱོད་དབང་བས།

    ངའི་མི་ཚེའི་སྙིང་པོ་འོ་ཇ་བཞིན་མངར།


    ཨ་མ།

    དུས་ཀྱི་དྲག་ཆར་རྒོད་རུང་།

    བུ་ངའི་གསོལ་འདེབས་ཀྱི་ཀློང་ན།

    ཁྱེད་རང་དྲོ་སྐྱིད་ཀྱིས་འཚོ་ཐུབ།


    ཨ་མ།

    འཚོ་བ་ཞེས་པའི་སྐྱིད་སྡུག་གི་སྒང་གཞོང་འདི་ནས།

    སྐྱོ་གདུང་གི་མིག་ཆུ་ལན་དུར་བསྐྱིལ་རུང་།

    ཁྱོད་ཡོད་པས།

    ང་དངངས་དགོས་མ་བྱུང་།


    ཨ་མ།

    ནར་སོན་གྱི་ལོ་ཟླའི་འགྲུལ་བཞུད་རིང་མོར།

    པྲ་ཚག་གི་བྱ་སྤྱོད་རེ་རེས།

    སེམས་སྡུག་གི་རྨ་ཁ་རེ་རེ་བྱིན་ཡང་།

    དྲོད་ཀྱིས་ཁེངས་པའི་གདམས་པ།

    ནམ་ཡང་།

    ང་རང་གཡང་ཁ་ལས་གཅུན་པའི་སྲབ་མདའ་ཡིན།


    ཨ་མ།

    དགའ་སྐྱོའི་གོ་རིམ་གྱི་ཁྲོད་ནས།

    ཐུགས་ལ་རྟག་བརྟན་གྱི་བརྩེ་བ་མངའ་བ་ཁྱོད།

    བརྟན་བརླིང་གི་ཉི་ཟླ་བཞིན།

    བུ་ངའི་མགོ་ཐོག་ན་འཚེར།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།