ནམ་ཡང་བརྗེད་ཐབས་མེད་པའི་དྲན་ཤེས་འདིའི་ཆེད་དུ།
འདི་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་2008ལོར་འཁྲབ་པའི་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པའི་འཁྲབ་སྟོན་གྱི་འདྲ་པར་ཡིན་པ།
འདི་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་1964ལོར་འཁྲབ་པའི་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པའི་འཁྲབ་སྟོན་གྱི་འདྲ་པར་ཡིན་པ།
འདི་ནི་1981ལོར་ཧུའུ་པེ་ཞིང་ཆེན་ཧུའུ་པེ་ཟློས་གར་ཚོགས་པའི་རོལ་ཆ་རུ་ཁག་གིས་རམ་དཀྲོལ་བྱས་པ་དང་། པེ་ཅིང་སྐད་པར་ཕེན་ཙི་བཟོ་གྲྭས་པར་དུ་བཏབ་པའི་ཧུའུ་པེའི་ཟློས་གར་གྱི་པར་གཞི《སྐྱེས་མི་ཆོག་པའི་མི》ཞེས་པ་ནས་བདམས་པའི་དུམ་བུ་ཞིག་ཡིན་པ་དེ་ཕེང་ཆིང་ལེན་གྱིས་འཁྲབ་སྟོན་བྱས་པ།
འདི་ནི་1978ལོར་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་འཁྲབ་པའི་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པའི་འཁྲབ་སྟོན་གྱི་འདྲ་པར་ཡིན་པ།
འདི་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་2008ལོར་འཁྲབ་པའི་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པའི་འཁྲབ་སྟོན་གྱི་འདྲ་པར་ཡིན་པ།
གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པའི་འཁྲབ་གཞུང་ལ་གཞིགས་ནས་བསྐྱར་སྒྲིག་བྱས་པའི་གློག་བརྙན《གངས་རིའི་མིག་ཆུ》ཞེས་པ་1979ལོར་ཐོག་མར་བསྟན་ཞིང་། འདི་ནི་གློག་བརྙན་གྱི་འདྲ་པར་ཡིན་པ།
1963ལོར། དམངས་གཙོའི་བཅོས་སྒྱུར་གྱི་སྔ་རྗེས་སུ་བོད་ཀྱི་ཞིང་བྲན་ཕ་དང་བུ་མོ་མི་རབས་གཉིས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་གཏམ་བརྗོད་ཟློས་གར་གྱི་བརྩམས་ཆོས་འདི་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་དང་དུས་མཚུངས་སུ། ཞིང་ཆེན་ཁག་གི་གཏམ་བརྗོད་ཟློས་གར་ཚོགས་པས་གཅིག་རྗེས་གཉིས་མཐུད་ངང་ཟློས་གར་འདི་ནང་སྦྱོང་བྱས་པ་མ་ཟད། ད་དུང་གླུ་གར་དང་། ཅིང་ཅུས་ཟློས་གར། ཧོ་པེའི་ཟློས་གར་སོགས་དང་། དེ་བཞིན་གློག་བརྙན་དང་མུ་འབྲེལ་རི་མོ་སོགས་ཀྱི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ནང་སར་འཁྲབ་སྟོན་རྒྱ་ཁྱབ་ཏུ་བྱས་པ་འདི་ནི་གཏམ་བརྗོད་ཟློས་གར《སྐྱེས་མི་ཆོག་པའི་མི》ཞེས་པ་དེ་རེད། ལོ་ངོ་60ལྷག་ཙམ་རིང་འཕེལ་རྒྱས་ཆེན་པོ་བྱུང་བའི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཟློས་གར་བརྩམས་ཆོས་རྩེ་གྲའི་གྲས་ཤིག་ཡིན་པའི《སྐྱེས་མི་ཆོག་པའི་མི》ཞེས་པར་ལོ་མང་རིང་བོད་ཀྱི་མི་སེར་ཚོའི་སེམས་ནང་སྤྱིར་བཏང་གཏན་ནས་མིན་པའི་རིན་ཐང་ཞིག་ལྡན་ཡོད།
1978ལོར། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་གཏམ་བརྗོད་ཟློས་གར་འདི་བསྐྱར་སྒྲིག་བྱས་ཤིང་། སྐབས་དེ་དུས་ཀྱི་ཟློས་གར་གྱི་འདྲ་པར་ལ་བལྟས་ན། དེ་ནི་སྒམ་ནན་ཆེ་བའི་འཁྲབ་སྟོན་ཞིག་ཡིན་པ་དང་གར་སྟེགས་ཀྱི་འཁྲབ་སྟོན་རྒྱབ་ལྗོངས་ནི་བོད་ཀྱི་དགོན་སྡེ་དང་། རྒྱང་རིང་གི་གངས་རི། སྔོ་ཐིང་ཐིང་དུ་གནས་པའི་གསོམ་ཤིང་བཅས་གར་སྟེགས་ཐོག་དངོས་སུ་སྤོས་པ་དང་གཉིས་སུ་མ་མཆིས། འཁྲབ་སྟོན་པ་གཙོ་བོ་ནི་1967ལོར་ཧྲང་ཧའེ་ཟློས་གར་སློབ་གླིང་གི་འཁྲབ་སྟོན་འཛིན་གྲྭ་ནས་ཐོན་པའི་ཁག་གཉིས་པའི་འཁྲབ་སྟོན་པ་ཤ་སྟག་རེད། 1979ལོར། པེ་ཅིང་བརྒྱད་གཅིག་གློག་བརྙན་སྒྲིག་བཟོ་བཟོ་གྲྭས་ཟློས་གར་འདི་གློག་བརྙན《གངས་རིའི་མིག་ཆུ》ཞེས་པར་བསྐྱར་སྒྲིག་བྱས་པ་དང་། གློག་བརྙན་ནང་གི་མི་སྣ་བཀྲ་ཤིས་འཁྲབ་མཁན་སྔར་བཞིན་དབང་འདུས་རྒན་པ་ཡིན་པ་དང་། རྣམ་སྲས་རིན་པོ་ཆེ་འཁྲབ་མཁན་སྔར་བཞིན་བསོད་ནམས་རབ་བརྟན་རེད། ཁོང་ཚོའི་ངོ་གདོང་སྟེང་ལོ་ཟླའི་གཉེར་རིས་ཀྱིས་ཁེངས་ནའང་། ཁོང་ཚོའི་འཁྲབ་སྟོན་ལོ་བཅུ་བཞིའི་གོང་ལས་ལྟད་མོ་ཆེ་བ་ཡོད།
2009ལོར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་50འཁོར་བར་དྲན་གསོ་ཞུ་ཆེད། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་འཁྲབ་གཞུང་རྩེ་གྲ་འདི་བསྐྱར་སྒྲིག་ཐེངས་གཉིས་པ་བྱས་ཤིང་། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཕུར་བུ་ཚེ་རིང་གིས་འཁྲབ་ཁྲིད་པ་རྒན་དར་གཞོན་གསུམ་གྱི་སྣེ་ཁྲིད་དེ་མཉམ་དུ་འཁྲབ་སྟོན་བྱས་པ་དང་། དེའི་འཁྲབ་སྟོན་པ་གཙོ་བོ་ནི་1998ལོར་ཧྲང་ཧའེ་ཟློས་གར་སློབ་གླིང་གི་འཁྲབ་སྟོན་འཛིན་གྲྭ་ནས་ཐོན་པའི་ཁག་བཞི་པའི་འཁྲབ་སྟོན་པ་ཤ་སྟག་རེད། པར་གཞི་དེའི་ནང་བཀྲ་ཤིས་འཁྲབ་མཁན་གྱི་འཁྲབ་སྟོན་པ་རིན་ཆེན་དོན་གྲུབ་ཀྱི་འཁྲབ་རྩལ་ཁྱད་དུ་འཕགས་པ་མ་ཟད་སྒམ་བརླིང་དང་ལྡན་པ་ཞིག་ཡོད་ཅིང་། ཁོང་གིས་ཟློས་གར་ནང་བཀྲ་ཤིས་ཀྱིས་ཞིང་བྲན་བདག་པོར་འཛིན་པའི་འཁོན་འཛིན་དང་བཟོད་སྒོམ་དང་། བཟའ་ཟླ་འདས་པོར་བཅངས་པའི་དགའ་སྐྱོ་ཆགས་སྡང་དང་བུ་མོར་བཅངས་པའི་བརྩེ་སེམས་ཟབ་མོ་གང་ལེགས་མཚོན་པར་བྱས་ཡོད། རྣམ་སྲས་རིན་པོ་ཆེ་ཐེངས་དང་པོ་འཁྲབ་མཁན་འཁྲབ་སྟོན་པ་བསོད་ནམས་རབ་བརྟན་གྱི་བུ་པར་གཞི་འདིའི་གར་སྟེགས་མཛེས་བཟོ་བ་དགྲ་འདུལ་ལའང་ཚོར་སྣང་ཟབ་པོ་བྱུང་ཡོད། ཁོང་གིས“ང་རང་ཆུང་དུས་ནས་གར་སྟེགས་རྒྱབ་ནས་པཱ་ལགས་ཀྱི་འཁྲབ་སྟོན་ལ་བལྟས་ཏེ་འཚར་ལོངས་བྱུང་། 《སྐྱེས་མི་ཆོག་པའི་མི》ཞེས་པའི་ཟློས་གར་དེར་དང་ཞེན་ཚད་མེད་ཡོད། འཁྲབ་ཁྲིད་པ་ཕུར་བུ་ཚེ་རིང་གིས་གར་སྟེགས་ཐོག་སྒྱུ་རྩལ་གྱི་གཞི་རྒྱུ་རང་སོར་འཇོག་དགོས་པ་དང་། སྐྲུན་དངོས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་ཀྱི་དགོན་སྡེ་དང་སྔ་མའི་མི་སེར་ཚོའི་ཁྱད་ཆོས་རང་སོར་འཇོག་དགོས་པའི་རེ་བ་བཏོན་ཡོད། རང་ཉིད་ཀྱིས་ཀྱང་སྐབས་དེ་དུས་ཀྱི་བོད་ཀྱི་ཞིང་བྲན་ཚོའི་སྨག་རུམ་མུན་ནག་འཚོ་བའི་གནོན་ཤུགས་དང་བརྩེ་སེམས་ཀྱི་གནོན་ཤུགས་འོག་གི་སེམས་ཁམས་ཐད་ཀར་མངོན་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
2019ལོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ཟློས་གར་འདི་བསྐྱར་སྒྲིག་ཐེངས་གསུམ་པ་བྱས་ཤིང་། གློག་བརྙན《ཞིང་བྲན》ནང་གི་དཀར་ནག་བསྡུར་བའི་མཛེས་རིས་ཀྱི་ཤུགས་རྐྱེན་འོག འཁྲབ་ཁྲིད་པ་ཆུང་བདག་གིས་གར་སྟེགས་ཀྱི་མཛེས་རྩལ་ཇུས་འགོད་དང་གློག་སྒྲོན། དེ་བཞིན་འཁྲབ་ཆས་དང་བྱུག་རྫས་སོགས་ཟློས་གར་གྱི་གར་སྟེགས་ཚང་མ་ཚོས་གཞི་ཐལ་མདོག་ལ་ཇུས་འགོད་བྱས་པ་དང་། བརྙན་ལམ་ནང་དུ་གནམ་སྔོན་མོ་སྦར་མཐིལ་ཙམ་ལས་མཐོང་རྒྱུ་མེད་པའི་ཇུས་འགོད་བྱས་པ་མ་ཟད། མཐའ་བཞི་མུན་ནག་བཟོས་ཡོད། ཇུས་འགོད་འདི་ལྟར་བྱས་པར་བརྟེན་ཞིང་བྲན་ལམ་ལུགས་འོག་གི་མི་སེར་དཀྱུས་མ་ཚོའི་ཡིད་ཐང་ཆད་པ་དང་འ་ཆད་འུ་ཐུག་གི་བསམ་པ་གང་ལེགས་མཚོན་པར་བྱས་ཡོད་ལ། པར་གཞི་འདིའི་གར་སྟེགས་མཛེས་རྩལ་ལས་དེ་སྔའི་གར་སྟེགས་འཁྲབ་སྟོན་ཐོག་དངོས་མཚོན་རིང་ལུགས་གཙོ་གནད་དུ་མཚོན་པར་འགྱུར་ལྡོག་བཏང་ཡོད། གར་སྟེགས་ཐོག་ལོ་རབས་མི་འདྲ་བ་དང་། ས་ཆ་མི་འདྲ་བ། ནམ་དུས་མི་འདྲ་བ། མི་སྣའི་གཟུགས་བརྙན་མི་འདྲ་བ་བཅས་ཀྱི་རྒྱབ་ལྗོངས་བརྗེ་བའི་ཐབས་ལམ་སྤྱད་ཡོད་པས། མི་སྣའི་གཟུགས་བརྙན་ཕན་ཚུན་བསྡུར་བ་གང་ལེགས་ཐུབ་ཡོད། འཁྲབ་སྟོན་ཐེངས་བཞི་པར་གར་སྟེགས་ཐོག་གཞི་ནས་ཚོས་གཞི་ཐོག་མར་མཐོང་རྒྱུ་ཡོད་པ་དེ་ནི་སྐར་ལྔའི་དར་དམར་ཡིན་ཞིང་། འཁྲབ་ཁྲིད་པ་ཆུང་བདག་གིས་ཟློས་གར་ནང་གི་གཞོན་ནུ་ཡར་ཐོན་ཅན་བྱམས་པས་བཀྲ་ཤིས་ཀྱི་བུ་མོ་རྒན་པ་ཟླ་བར་སྤྲད་པའི་མཛུབ་དཀྲིས་དང་སྐར་ལྔའི་དར་དམར་བརྗེ་པོ་བརྒྱབ་པ་དང་འབྲེལ། གློག་བརྙན《ཞིང་བྲན》ནང་གི་བྱམས་པའི་འཁྲབ་ཚིག་སྤྱད་དེ་ཞིང་བྲན་ཁྲི་ཚོ་བརྒྱའི་བསམ་འདུན་མཚོན་པར་བྱས་ཡོད། གར་སྟེགས་བཀོད་སྒྲིག་འདི་འདྲ་བྱས་པ་ལས། ཟློས་གར་རྗེས་མར་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་བཅིངས་འགྲོལ་དམག་གི་འགོ་ཁྲིད་དེ་བོད་ཀྱི་ཞིང་བྲན་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྐྱབས་ལུགས་མཚོན་ཆེད་རྨང་གཞི་བཏིང་ཡོད། འཁྲབ་སྟོན་ཐེངས་བདུན་པ་ནས་བཟུང་། གར་སྟེགས་ཐོག་མཚམས་སྤྲིན་དང་། སྐར་ཚོགས། ཉི་མ་དམར་པོ་བཅས་བཀོད་སྒྲིག་བྱས་ཡོད་པ་དེ་ཐོག་ནས་ཏང་གི་འོད་ཟེར་བོད་ཀྱི་ས་གཞི་ཡོངས་ལ་རིམ་གྱིས་འཕྲོས་པ་དང་། མི་སེར་གྱི་འཚོ་བར་མཛེས་སྡུག་ལྡན་པའི་རྣམ་པ་རིམ་བཞིན་མངོན་པ་མཚོན་ཡོད།
པར་གཞི་འདིའི་ཟློས་གར་ནང་བཀྲ་ཤིས་འཁྲབ་མཁན་གྱི་འཁྲབ་སྟོན་པ་རྒྱལ་མཚན་དར་རྒྱས་ནི་2007ལོར་ཧྲང་ཧའེ་ཟློས་གར་སློབ་གླིང་གི་བོད་རིགས་འཁྲབ་སྟོན་འཛིན་གྲྭ་ནས་ཐོན་པའི་ཁག་ལྔ་པའི་འཁྲབ་སྟོན་པ་ཡིན་ཞིང་། ཁོང་གི་འཁྲབ་སྟོན་འགོ་ཚུགས་མ་ཐག་སྔོན་ཆད་འཁྲབ་སྟོན་ཐེངས་དང་པོ་ལྟ་མྱོང་བའི་ལྟད་མོ་བ་མང་པོ་ཞིག་གིས“དབང་འདུས་རྒན་པ་ཡང་བསྐྱར་གར་སྟེགས་ཐོག་སླེབས་འདུག”ཅེས་བརྗོད་ཀྱི་ཡོད། གང་ལགས་ཤེ་ན། གཟུགས་སྟོབས་ཆེ་ཞིང་བབ་ཆགས་པའི་རྒྱལ་མཚན་དར་རྒྱས་ཀྱིས་དབང་འདུས་རྒན་པ་ནང་བཞིན་འཁྲབ་ཐུབ་པས་རེད།
ཟློས་གར་ནང་གཅེན་མོ་ཟླ་བ་འཁྲབ་མཁན་གཞོན་ནུ་འཁྲབ་སྟོན་མ་བསོད་ནམས་སྒྲོལ་དཀར་གྱིས“ད་ལྟའི་དུས་རབས་དང་རྒྱང་ཁད་རིང་པོ་ཆོད་པའི་འཁྲབ་སྟོན་པ་ཞིག་འཁྲབ་རྒྱུའི་གོ་སྐབས་བྱུང་བ་ནི་འགྲན་སློང་ཞིག་རེད་ལ། སློབ་སྦྱོང་གི་གོ་སྐབས་ཤིག་དེ་བས་ཀྱང་རེད། གཤིས་ཀ་འཇམ་ཞིང་སྙེམ་ཆུང་བའི་ཟླ་བ་ནི་གནས་ཚུལ་འཕྲད་སྐབས་རྟག་ཏུ་བློ་ཁོག་ཆུང་ཡང་། གཅུང་མོའི་ཤུགས་རྐྱེན་འོག་ཁོང་གིས་རིམ་བཞིན་བྱམས་པའི་བརྩེ་དུང་དང་ལེན་བྱས་པ་དང་། བྱམས་པའི་ཡར་ཐོན་གྱི་བསམ་བློའི་ཤུགས་རྐྱེན་འོག་ཁོང་གིས་སོ་སོའི་ལས་དབང་སོ་སོས་སྟངས་འཛིན་མི་ཐུབ་པ་ནས་མཐར་ཞིང་བྲན་ལ་བཅིངས་འགྲོལ་གཏོང་བའི་ཐབས་ལམ་འཚོལ་མཁན་དང་མཉམ་དུ་བསྐྱོད་ཡོད”ཅེས་བརྗོད། འཁྲབ་ཁྲིད་པ་ཆུང་བདག་གིས“ལོ་ཆུང་ལྟད་མོ་བ་མང་པོ་ཞིག་གིས་ཟློས་གར་འདི་བལྟས་རྗེས་མིག་ཆུ་གཏོང་གི་ཡོད། དེའི་ཁྲོད་ཀྱི་བུ་མོ་ཆུང་ཆུང་ཞིག་གིས་ངས་དེ་རིང་ནས་བཟུང་། ཁྱིམ་དུ་ལོག་རྗེས་རང་ཉིད་ཀྱི་སྤོ་བོ་ལགས་དང་རྨོ་བོ་ལགས་ལ་སྲི་ཞུ་ཧུར་ཐག་ཞུ་གི་ཡིན། ཁོང་ཚོའི་དེ་སྔའི་འཚོ་བར་དཀའ་ངལ་ག་ཚོད་ཡོད་པ་ངས་ད་གཟོད་གཞི་ནས་ཤེས་བྱུང་། སློབ་སྦྱོང་ཧུར་ཐག་བྱས་ནས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་གསོ་སྐྱོང་གནང་བར་དྲིན་ལན་འཇལ་གྱི་ཡིན་ཞེས་བཤད་པའི་སྐད་ཆ་དེ་དག་སེམས་ལ་ལྷང་ལྷང་དྲན་གྱི་འདུག”ཅེས་བཤད།
ལོ་ངོ་60ཡི་རྗེས་སུ་ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་གི་ལོ་རྒྱུས་དུམ་བུ་དེར་ཕྱིར་དྲན་བྱས་ཚེ། བཀྲ་ཤིས་དང་། དབྱངས་ཅན། མགར་བ་སྐལ་བཟང་། ཟླ་བ། ཉི་མ། གཞོན་ནུ་བྱམས་པ་བཅས་ང་ཚོའི་དྲན་པའི་ཡོལ་བ་ལས་རབ་རིབ་ཏུ་མངོན་པའི་ཁོང་ཚོའི་གཟུགས་བརྙན་དང་གསོན་ཉམས་དོད་པའི་གཏམ་རྒྱུད་རེ་རེ་ལས་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་བཙུགས་ཚུན་འཁྲབ་སྟོན་པ་མི་རབས་མང་པོས་འཁྲབ་སྟོན་ལ་བཅངས་པའི་དད་སེམས་དང་འབད་འཐབ་ལྷོད་མེད་ཀྱི་བསམ་པ་མཚོན་ཡོད་ལ། ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་རིག་གནས་བྱ་གཞག་ལ་ཐུགས་ཁུར་གང་ལེགས་གནང་བ་མཚོན་པ་མ་ཟད། བོད་ཀྱི་རིག་རྩལ་ལས་དོན་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་ལམ་བུ་མཐའ་འཁྱོངས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་ཀྱང་མཚོན་ཡོད།