དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་དང་གྱེས་ཐེངས་རེ་རེར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྒོ་སྤྲེལ་ངེས་དོན།   |     སྤེལ་དུས།  2024-03-05

    རི་བོ་གསེར་གྱིས་བརྒྱན་ཞིང་ཆུ་མོ་དངུལ་གྱིས་ཤན་པའི་རིན་བྲལ་གྱི་ཕ་ཡུལ། སྔོ་ལྗང་སྐྱེ་ཁམས་ཀྱིས་བཀླུབས་ཤིང་འཆམ་མཐུན་གྱི་རྫོང་མཐུག་པའི་ཕ་ཡུལ། བརྩེ་བའི་འོད་ཀྱིས་གསོས་ཤིང་དུང་བའི་མཚོ་མོ་རྒྱས་པའི་ཞེན་ཆགས་ཀྱི་ཕ་ཡུལ། སྐྱིད་ཀྱི་དགོད་སྒྲས་ཁེངས་ཤིང་སྡུག་གི་སྐྱོར་ཡ་བཀན་སའི་བརྟན་ལྷིང་་གི་ཕ་ཡུལ། བྲིས་ན་རྫོགས་མཐའ་མེད་ཅིང་གླེང་ན་ཟད་མཐའ་བྲལ་བའི་སྣོད་བཅུད་གཡང་གི་ཕ་ས།

    འཚོ་བ་དང་ནར་སོན་གྱི་ལོ་ཟླའི་ཁུད་ནས་ཕ་ཡུལ་དང་གྱེས་དགོས་བྱུང་། ཕུགས་འདུན་དང་བྱ་གཞག་གི་དོན་དུ་ཕ་ཡུལ་དང་གྱེས་དགོས་བྱུང་། གནས་བབ་དང་ལས་ཀའི་དགོས་དབང་རེ་རེས་ཕ་ཡུལ་དང་གྱེས་དགོས་བྱུང་། སྤྱིར་གྱེས་བྲལ་གྱི་མདུན་དུ་མི་རྣམས་ནི་ཉམས་དམའ། དེ་བས་ཕ་ཡུལ་དང་གྱེས་ནས་ཕྱོགས་གཞན་ཞིག་ལ་ཆས་རྒྱུ་ནི་ཤིན་ཏུ་ནས་བློས་མི་ཐོངས་བ་ཞིག་རེད།

    ནམ་རྒྱུན་ཕ་ཡུལ་ནས་གྱེས་ཐེངས་རེ་རེར། ཨ་མའི་སྐྱེལ་མ་དང་སྨོན་འདུན་གྱི་ཁྲོད་ནས་ང་རང་ལམ་ལ་ཆས། ཨ་ཕའི་སློབ་གསོ་དང་རེ་བའི་མིག་མདངས་ཁྲོད་ནས་ང་རང་ལམ་ལ་ཆས། ཕུ་ནུ་མིང་སྲིང་ཚོའི་འཐམ་འཁྱུད་དང་ལག་བརྡའི་ཁྲོད་ནས་ང་རང་ལམ་ལ་ཆས། ངས་གྱེས་བྲལ་གྱི་མདུན་དུ་མིག་ཆུ་གཏོང་མི་སྲིད། འདུས་མཐར་བྲལ་དང་བྲལ་མཐར་འཛོམས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། ངས་རྟེན་འབྲེལ་དང་ཁ་གཡང་ལྷན་དུ་མགོ་འཕང་མཐོན་པོས་ཕ་ཡུལ་ནས་གྱེས་སྲིད།

    ནམ་རྒྱུན་ཕ་ཡུལ་ནས་གྱེས་ཐེངས་རེ་རེར། ཕ་ཡུལ་གྱི་ནམ་མཁའ་དང་རྩྭ་ཐང་གིས་ང་ལ་ཁོང་ཡངས་པའི་བློ་གཤོགས་དང་བློ་རྒྱ་ཞིག་སྦྱིན། གངས་རི་དང་ཆུ་བོས་གཟི་བྱིན་འབར་བའི་སྤོབས་པ་དང་ངང་རྒྱུད་བསྩལ། བསང་དུད་དང་དར་ལྕོག་གིས་དཔའ་ཡ་དང་དཔུང་རོགས་མཛད། ང་རང་ཕ་ཡུལ་ནས་འཚར་ཞིང་ནར་སོན་པས། ཕ་ཡུལ་ནི་ངའི་གཏན་དུ་འགྱུར་བ་མེད་པའི་མགོན་སྐྱབས་དང་སྡོང་གྲོགས་སུ་གྱུར་ཟིན་ན། ནམ་ཞིག་ང་ལ་ཤེས་རིག་གི་གཤོག་ཟུང་རྒྱས་ཤིང་། འཇོན་ཐང་གི་རྩལ་ལག་རྫོགས་ཚེ། ཕྱིར་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་གྱི་བཀའ་དྲིན་གཟོ་ངེས།

    ནམ་རྒྱུན་ཕ་ཡུལ་དང་གྱེས་ཁར། ངས་རླངས་འཁོར་གྱི་རྒྱབ་མཐོང་མེ་ལོང་ལས་ཕ་ཡུལ་གྱི་རྣམ་པར་ལྟ་བཞིན་ཕ་ཡུལ་གྱི་མ་འོངས་ལ་མནོ་བསམ་ཞིབ་ཕྲ་གཏོང་དགོས་པར་གྱུར། ང་རང་ཕ་ཡུལ་དང་གོམ་ཐག་རེ་རེས་རྒྱང་དུ་ཆོད་དུས། མདུན་སྐྱོད་ཀྱི་སྤོབས་པ་དང་རེ་བ་ནི་སྔར་ལས་ཆེ་བར་གྱུར་ཞིང་། ཡིད་སེམས་ཀྱི་རྒྱ་མཚོར་ཚོར་འདུའི་རྦ་རླབས་འཇགས་ཐབས་བྲལ།

    རི་ཚོགས་དང་ཡུལ་སྡེ་ཇི་ལྟར་བརྒྱུད་ན་དྲན་པའི་རྩིག་ལྡེབས་ངོས་སུ་ཡང་ཡང་དྲན་པ་ནི་ཕ་ཡུལ་ཉག་གཅིག་རེད། གལ་ཏེ་རླངས་འཁོར་གྱི་རྒྱབ་མཐོང་མེ་ལོང་ལ་ཉར་ཚགས་བྱེད་པའི་ནུས་པ་ཞིག་ཡོད་གྱུར་ན། འདུ་བྲལ་གྱི་སྣང་བརྙན་མང་པོ་གསལ་ལྷམ་མེར་འཆར་ངེས། གལ་སྲིད་གྱེས་བྲལ་ནི་མཇུག་མ་རྫོགས་པའི་ལྷན་འཛོམས་རེ་རེའི་འབོད་སྒྲ་ཡིན་ན། དཀའ་ངལ་ཇི་ལྟར་ཆེ་རུང་རེ་སྒུག་ནི་ཅི་འདྲའི་སྙིང་ལ་རྗེ་ཞིང་ཡིད་དུ་འོང་བ་ཞིག་རེད་ཨང་།

    ན་ཚོད་དང་འགན་འཁྲིའི་དབང་གིས་ཐག་རིང་གཞན་ཡུལ་དུ་ལུས་པའི་ལོ་ཟླ་རིམ་གྱིས་མང་དུ་སོང་བ་ན། བདག་ལ་ཕ་ཡུལ་གྱི་དགུན་ཁ་མ་གཏོགས་དུས་ཚིགས་གཞན་ལོངས་སུ་སྤྱོད་དབང་བྲལ། ཡིན་ནའང་དགུན་ཁ་ནི་ང་ལ་མཚོན་ན། ཆེས་དྲོད་འཁོལ་ལྡན་པའི་དུས་ཚིགས་འབའ་ཞིག་གོ དགུན་ཁ་ཕ་ཡུལ་དུ་སླེབས་དུས། ངས་ཕ་ཡུལ་གྱི་གྲུ་ཟུར་རེ་རེ་ཉུལ་ནས་ཕ་ཡུལ་ལ་བྱུང་བའི་འགྱུར་ལྡོག་ཕྲ་མོ་ཞིག་ཀྱང་སེམས་ཀྱིས་ཚོར་ཐུབ་པ་བྱེད་ཅིང་། ཕ་ཡུལ་གྱི་འཕོ་འགྱུར་རེ་རེ་མཐོང་དུས་ཡིད་ལ་དགའ་བས་ཁེངས་འོངས།

    ཕ་ཡུལ་གྱི་པང་ནས་ལམ་ལ་ཆས་ཤིང་། སླར་ཡང་ཕ་ཡུལ་གྱི་པང་དུ་འཛོམས་པའི་སྨོན་པ་རེ་རེ་མངོན་དུ་གྱུར་པ་ནི་མི་ཚེ་ཡི་ལས་སྐལ་བཟང་ཤོས་དེ་ལོས་ཡིན། ང་ནི་ལག་རྗེས་ཅི་ཡང་མེད་པའི་འཁྱམས་པོ་ཞིག་དང་འདྲ་མོད། ཕ་ཡུལ་དང་གྱེས་ཐེངས་རེ་རེར་ཕ་ཡུལ་ལ་སྲི་ཞུ་ཅུང་ཟད་འགྲུབ་ཐུབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་གཙང་མར་འགྱུར་བ་ཅི་ལ་འབྱུང་སྲིད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།