དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གཙང་ཁུལ། བདག་གི་རྣམ་ཤེས་ཆགས་ས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2024-03-03

    གཅིག

    སུ་ཞིག་གིས་ས་ཆེན་འདིའི་སྒལ་ཚིགས་དང་རྣམ་ཤེས་མཇལ་མྱོང་། གང་ཞིག་གིས་དག་པའི་ཞིང་ཁམས་འདིའི་སྙིང་སྒྲ་ཐོས་མྱོང་། སུ་དང་གང་ཞིག་གིས་ས་མཐོའི་གཙུག་རྒྱན་ལྟ་བུའི་གནས་འདིའི་ལང་ཚོར་བྲང་ཁ་གླན་ཏེ་སྙིང་གཏམ་གླེང་མྱོང་ངམ། ཚེ་སྲོག་འདི་ནས་རྙེད་ཅིང་རྣམ་ཤེས་ཀྱི་གཏིང་རིམ་ལ་ཐིམ་སྟེ། ངའི་ཟུངས་ཁྲག་ལྷན་དུ་ཁྲག་རྩའི་ནང་དྲོད་ལམ་ལམ་ལ་བཞུར་བཞིན་པའི་གནས་འདིའི་མིང་ལ་ཅི་ཞིག་ཞུ། ཀྱག་ཀྱོག་ལོ་རྒྱུས་ཀྱི་རླབས་རྒྱུན་རིང་མོའི་ཁྲོད་དུ། མཐོ་སྒང་འདིའི་སྒལ་ཚིགས་སུ་ཉམས་ཀྱིས་འགྱིང་ནས། དགའ་བའི་འཛུམ་མདངས་དང་སྡུག་གི་མིག་ཆུ་བྲན་མྱོང་བའི། ལོ་རྒྱུས་ཀྱི་དཔང་རྟགས་དང་མཚུངས་པའི་གནས་མཆོག་འདི། ཞུམ་མེད་སྙིང་སྟོབས་དང་བཅས་རི་བོ་ཇོ་མོ་གླང་མ་བཞིན་ཉམས་ཀྱིས་འགྱིང་བའི་གནས་མཆོག་འདི། ང་ཚོའི་ཕ་མེས་ཡང་མེས་ཚོའི་ཚེ་སྲོག་གི་ས་བོན་ལས་འཁྲུངས་པའི་གནས་མཆོག་འདི་ཅིས་མི་མཚར།

    གཉིས།

    མིང་ལ་གཙང་ཞེས་ཐོགས་པའི་རྒད་ལ་གཞོན་པའི་ཡུལ་ལུང་འདི་རུ། ལོ་རྒྱུས་ཀྱི་རྟགས་ཐམ་འཁོད་པའི་གསར་ལ་རྙིང་བའི་ཡུལ་ལུང་འདི་རུ། ས་པན་ཀུན་དགའ་རྒྱལ་མཚན་ནས་ད་ལྟའི་བར་གྱི་མི་ཆེན་དག་གི་ངོ་མཚར་ཞབས་རྗེས་འཁོད། བྲག་སྟེང་ལ་འཁོད་འདྲའི་ཞབས་རྗེས་དེ་དག རྔུལ་ཆུ་དང་ཟུངས་ཁྲག་གིས་བྲིས་པའི་ལོ་རྒྱུས་ཀྱི་མཛེས་རིས་དེ་དག སུ་ཞིག་གི་ཆུ་འབུར་མིག་ལ་ཐོགས་ཤིང་སུ་ཞིག་གི་སྙིང་སྒྲ་དང་མཉམ་དུ་འཕག་མྱོང་ངམ། གཙང་ཁུལ་མ་མའི་མངལ་དུ་བཞུར་བའི་མྱང་ཆུ་གཙང་པོས། ལོ་རྒྱུས་དེ་དག་སུ་ལ་བརྗོད་ཀྱིན་ཡོད། མྱང་ཡུལ་གསེར་གཞུང་རིང་མོའི་འབྲུ་རིགས་བང་མཛོད་ཀྱི་བདག་པོ་ཚོས། རང་སྲོག་བློས་སུ་བཏང་ནས་ཕྱི་བཙན་དབྱིན་ཇིར་འཐབ་པའི་ཉམས་སྣང་དེ། དངོས་བྱུང་གི་ལོ་རྒྱུས་ལས་གཏམ་རྒྱུད་མིན་པ་རྒྱལ་རྩེ་མཁར་རྫོང་གིས་དཔང་པོ་བྱེད། གྱ་གྱུར་དལ་གྱིས་བཞུར་བའི་མྱང་ཆུ་གཙང་པོས། ཆལ་ཆིལ་ཟེགས་མའི་དར་དཀར་བརྐྱངས་ནས་སུ་ཞིག་ལ་སྐྱེལ་མ་དང་གང་ཞིག་ལ་བསུ་བ་ཞུ་བཞིན་ཡོད། ལོ་རྒྱུས་ནི་འཆར་ཡན་གྱི་རི་མོ་མིན་པས། སུས་ཀྱང་བརྗེད་ཐབས་མེད་ལ་སུས་ཀྱང་བརྗེད་ག་ལ་སྲིད།

    གསུམ།

    གཙང་ཁུལ། ཁྱེད་ནི་ངའི་རྨི་ལམ་གྱི་ཞིང་དུ་ཉི་ཟླ་དང་སྐར་ཚོགས་བཞིན་དུ་གསལ་ཞིང་། ངའི་ཟུངས་ཁྲག་དང་སྙིང་གི་འཕག་སྒྲ་མཉམ་དུ་མཆོང་ལྡིང་ལ་བྲེལ། དེ་ནི་ཁྱེད་རང་ངའི་རྣམ་ཤེས་དང་འདྲ་བར་ངའི་ཤ་རུས་ཀྱི་ཕུང་པོར་སིམ་ཡོད་པས་རེད། གནས་འདིར་ངས་འདི་ལྟར་ལྷད་མེད་པའི་བརྩེ་བ་དྭངས་མ་ཞིག་འཆང་དོན་ནི། ང་རང་གནས་འདི་རུ་སྐྱེས་ཤིང་གནས་འདི་རུ་འཚར་བ་ཁོ་ནས་མིན་ལ། མཁའ་ལ་རྒོད་པོ་བཞིན་དུ་ལྡིང་མྱོང་བའི་དབང་ཕྱུག་ཆེན་པོ་མི་ལ་རས་པ་དང་། ལྕགས་ཟམ་དང་ལྷ་མོའི་སྲོལ་གཏོད་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་འཁྲུངས་ཡུལ་ཡིན་པ་ཁོ་ནས་མ་ཡིན་ལ། ཏུན་ཧོང་གཉིས་པར་གྲགས་པའི་ས་སྐྱ་ཡི་སྤྲུལ་པའི་ལྷ་ཁང་ཆེན་མོ་དང་། མཛད་འཕྲིན་མཁའ་དང་མཉམ་པའི་ས་སྐྱའི་གོང་མ་རྣམ་ལྔ་ཡོད་པས་ཁོ་ནས་ཀྱང་མ་ཡིན་ལ། གནས་འདི་ནི་ས་སྐྱ་ལེགས་བཤད་དང་སི་ཏུའི་ཞལ་ལུང་དང་ཤར་གངས་རི་མ་སོགས། རྣ་བའི་བཅུད་དུ་སྨིན་ཞིང་སེམས་ཀྱི་བདུད་རྩིར་འཇོ་བའི་གྲགས་རྩོམ་གྱི་འབྱུང་ཁུངས་དང་། རི་ཡི་རྒྱལ་པོ་ཇོ་མོ་གླང་མའི་ཕ་ས་དང་། ཆུ་ཡི་ཆུ་འགོ་མྱང་ཆུ་གཙང་པོ་ཡོད་པ་ཁོ་ནས་ཀྱང་ག་ལ་ཡིན། ད་དུང་མི་སེམས་འགུལ་ཞིང་སྙིང་ཁྲག་འཕྱུར་བའི་ལོ་རྒྱུས་ཀྱི་ལེ་ཚན་རེ་རེ། མྱང་ཆུ་གཙང་པོ་ལྷན་དུ་བར་མེད་དུ་བཞུར་ཏེ། མི་རིགས་ཀྱི་སྲོལ་རྒྱུན་སྐྱོང་བཞིན་འཕེལ་རྒྱས་ཀྱི་རྣམ་ཤེས་ལ་འོད་སྣང་སྦྱིན་པས་ལོས་ཡིན།

    བཞི།

    གནས་འདི་ནི་རྒྱ་གཞས་དང་ལྷོ་གཞས། ལྷ་མོ་དང་རྣམ་ཐར། སྒོར་གཞས་དང་སྟོད་གཞས། སྒྲ་སྙན་དང་གཞས་ཆེན། ད་དུང་ཡང་རྟ་རྒྱུག་དང་གཡག་རྒྱུག མདའ་རྩེད་དང་ཐག་རྩེད་སོགས་རྐང་བྲོ་གླུ་གཞས་དང་སྲོལ་རྒྱུན་ལུས་རྩལ་གྱི་ཕ་ས་ཡིན་ལ། གནས་འདི་ནི་བོད་ཀྱི་ཁ་གདན་དང་སྣམ་བུ། ཐེར་མ་དང་སྤུ་ཕྲུག ཟོན་པ་དང་ཀོ་ལྷམ་སོགས་མི་རིགས་ལག་ཤེས་ཀྱི་འབྱུང་གནས་ཀྱང་ཡིན། གནས་འདི་རུ་འཁལ་འཐག་དང་ལག་ཤེས་ལ་མཁས་པའི་ཡ་རབས་ཅན་གྱི་གཙང་པའི་ཕོ་གཞོན་མོ་གཞོན་ཡོད་ལ། གནས་འདི་རུ་སོ་ནམ་ཞིང་ལས་དང་འབྲོག་ལས་ལ་མཁས་པའི་གཙང་པའི་ཨོ་ལོ་ཡང་ཡོད། ད་དུང་ཡང་གནས་འདི་རུ་དཔའ་ངར་ཞུམ་མེད་ཀྱིས་ཕྱི་བཙན་ལ་འགོག་རྒོལ་བྱེད་མཁན་གྱི་རྒྱལ་རྩེ་དཔའ་བོའི་གྲོང་ཁྱེར་དང་དཔའ་བོའི་མི་དམངས་ཡོད་ལ། སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་རྒྱལ་རྩེ་མཁར་རྫོང་དང་དཔལ་འཁོར་ཆོས་སྡེ། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོ་དང་། སྐུ་ཡི་བཞུགས་མཁར་བདེ་ཆེན་ཕོ་བྲང་ཡང་ཡོད།

    ལྔ།

    གཙང་ཁུལ། རིག་གནས་ཀྱི་བང་མཛོད་དང་སྲོག་ཆགས་ཀྱི་དག་ཞིང་འདི་རུ། གངས་རི་དང་རྩྭ་ཐང་། ནོར་གནག་དང་གཡང་དཀར་ཡོད་ལ། ནགས་ཚལ་དང་སྤང་ལྗོངས། ནགས་རི་དང་གཡའ་རི། རྫ་རི་དང་སྤང་རི། ད་དུང་གྲོང་དང་གྲོང་གསེབ། ཞིང་པ་དང་འབྲོག་པ། ནས་དང་གྲོ སྲན་མ་དང་པད་ཁ། ཤ་མར་ཐུད་ལ་སོགས། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལས་གྲུབ་པའི་ཕྱི་ནང་བསམ་པའི་ལོངས་སྤྱོད་སྣ་ཚོགས་ཡོད་ལ། ཕྱག་དང་ཞེ་ས་མཁས་ལ་བྱམས་དང་སྙིང་རྗེས་ཕྱུག་ཅིང་། དཀའ་སྡུག་ལ་གདོང་གཏད་དེ་ལོ་རྒྱུས་གསར་གཏོད་ཕོད་པའི་ཕུ་ནུ་མིང་སྲིང་ཡོད། ད་དུང་གཞིས་རྩེ་ལྕང་ལྷོ་ཁང་གསར་གྱི་ཞིམ་པའི་མཆོད་ཆང་ཡང་ཡོད། གངས་ལྗོངས་ནི་མེས་རྒྱལ་གྱི་གཡང་ནོར་ཡིན་ལ། གཙང་ཁུལ་ནི་བོད་ལྗོངས་ཀྱི་ནོར་མཛོད་ལྟ་བུ་རེད། གཙང་ཁུལ་གཞོན་ཤ་ལྡན་པའི་གནའ་བོའི་ཕ་ས་སྨུག་པོ་འདི། མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་འགྱུར་རྡོ་ཞིག་དང་མཚུངས།

    དྲུག

    གཙང་ཁུལ། ཁྱེད་ནི་ཆུ་མོ་ཡར་ཀླུང་གཙང་པོའི་ཆུ་འགོ་དང་རི་བོ་ཇོ་མོ་གླང་མའི་གནས་ཡུལ་རེད། ཁྱེད་ནི་མྱང་ཆུ་གཙང་པོ་རུམ་ལ་ཉར་བའི་དྲིན་ཅན་ཨ་མའི་པང་ཁ་དང་། ཐུགས་སེམས་བཟང་ཞིང་བློ་རིག་བཀྲ་བའི་མེས་པོའི་ཕ་ས། མི་རིགས་ཤིག་གི་དར་རྒུད་མཚོན་པའི་ལོ་རྒྱུས་ཀྱི་མེ་ལོང་རེད། སེམས་རྒྱུད་བཟང་ཞིང་ལས་ལ་བརྩོན་པའི་རྗེས་རབས་པ་རྣམས་ཀྱིས་མདུན་སྐྱོད་འཕེལ་རྒྱས་ཀྱི་དཔེ་རིས་གསར་པ་འགོད་པའི་གནམ་སའོ། ང་རང་འདི་རུ་འཚར་ཞིང་ང་རང་འདི་ནས་རྒས་སོང་བས། གནས་འདི་ནི་ངའི་རྣམ་ཤེས་ཆགས་སའོ།

    བདུན།

    གལ་ཏེ་གཙང་ཁུལ་འདི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་ཏུ་བྱས་ཚེ། འདས་སོང་གི་ལོ་རྒྱུས་དང་གཏམ་རྒྱུད་ཀྱི་ཁྲོད་ནས། ང་ཚོར་དབུ་འཕང་འདེགས་པའི་སྤོབས་པ་ཞིག་དང་། སྒྱིད་པ་སྒྲེང་བའི་ཡིད་ཆེས་དང་དད་འདུན་ཞིག་རྙེད་ཐུབ། གལ་སྲིད་གཙང་ཁུལ་འདི་འཚོ་བའི་མེ་ལོང་ཞིག་ཏུ་བྱས་ཚེ། མེ་ལོང་དེའི་ནང་ནས་མི་རིགས་ཞིག་གི་དར་རྒུད་དང་དགའ་སྐྱོའི་གཟུགས་རིས་མངོན་ཐུབ། གལ་སྲིད་གཙང་ཁུལ་འདི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཏུ་བྱས་ཚེ། དེབ་ཐེར་གྱི་ཡིག་འབྲུ་རེ་རེའི་གསེང་ནས་ངས་འཚོ་བའི་གཏན་ཚིགས་དང་མ་འོངས་ཀྱི་རེ་བ་རྙེད་ཐུབ། དེས་རྐྱེན་པས་ང་ཚོའི་སེམས་ཁོང་རུས་པའི་གཏིང་དུ་དགའ་བ་དང་སྤོབས་པས་ཁེངས་ཡོད་ལ། དེས་རྐྱེན་པས་ང་ཚོའི་འབད་འཐབ་ཀྱི་ཁ་ཕྱོགས་ཀྱང་གསལ། དེས་རྐྱེན་པས་ཕ་ཡུལ་འདི་ནས་ལྷད་མེད་པའི་བརྩེ་བ་ཞིག་རྙེད་ཐུབ་ལ། དེས་རྐྱེན་པས་ཕ་ཡུལ་འདི་ཉིད་རང་གི་རྣམ་ཤེས་དང་གཞི་གཅིག་ཏུ་འདྲེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།