བདག་དང་ཁ་ཐག་ཉེ་བའི་བྱིས་པ་།
སྙིང་ཉེ་བའི་མི་དང་ཁ་བྲལ་བ་ཡིན་ནམ།
མི་ཡུལ་དུ་གྲིབ་གཟུགས་འཆར་བའི་བྱིས་པ།
ནར་མ་སོན་པའི་གོང་ལ།
རྒྱང་རིང་གི་རྒྱང་རིང་དུ་བཞུད་དགོས་སམ།
བདག་དང་ཁ་ཐག་ཉེ་བའི་བྱིས་པ།
ལག་པ་བརྐྱངས་ཏེ། ནན་ཏན་གྱིས་མདུན་དུ་བལྟས་པས།
མགྲོན་པོ་ཞིག་བསུ་བ་བྱེད་བཞིན་ཡོད་དམ།
ཡང་ན། སྙིང་ཉེ་བའི་མི་ལ་རེ་སྒུག་བྱེད་ཀྱིན་ཡོད།
ཁྱོད་རང་དང་སེམས་ཐག་ཉེ་བས།
ང་ནི་ཁྱོད་རང་གི་གྲིབ་གཟུགས་དེ་ཡིན་ན་སྙམ།
ཡང་ན། ཁྱོད་ཀྱི་ལག་པ་ཆུང་ཆུང་དེ་ཡིན་ན་སྙམ།
ཕྱིར་ལྟ་ཙམ་ཡང་མེད་པར།
ཁྱོད་དང་ལྷན་ཅིག་མདུན་དུ་ཕྱོགས་ན་སྙམ།
མདུན་ངོས་སུ་འཆར་བའི་གྲིབ་གཟུགས་དེ།
ལག་སྙོབ་བྱེད་སའི་བྱིས་དུས་དེ་མ་ཡིན་ནམ།
ཡང་ན། ཁྱེད་རང་གྱང་ལྡེབས་སུ་འཆར་བ་ཙམ་ཡིན།
ཝེ། གྲིབ་གཟུགས་ལྟ་བུའི་བྱིས་པ།
སུ་ཞིག་གི་ཆེད་དུ་ལྐོག་ལྟ་བྱེད་བཞིན་ཡོད།