དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལན་གཅིག་མཇལ་བའི་བུ་མོ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པད་མ།   |     སྤེལ་དུས།  2024-03-03

    དྲུག་པའི་ཚེས་པ་གསུམ་ལ།།

    དྲི་ཞིམ་བོད་ཟས་ཁང་ནས།།

    མཚར་སྡུག་ཉམས་ཀྱིས་ཕྱུག་པའི།།

    ཁྱོད་རང་མིག་ལ་འཁོར་སོང་།།

    འཛུམ་པའི་ཟུར་མིག་མདའ་མོ།།

    ཅི་འདྲའི་རྣོ་ངར་ཆེ་བ།།

    ཡ་ཆུང་སྙིང་གི་དཀྱིལ་འཁོར།།

    ཕྱི་ནང་མེད་པར་གཙེས་སོང་།།

    སྐུ་ལུས་ལྕུག་ཕྲན་སྨྱུག་མ།།

    ཅི་འདྲའི་དྲང་ཞིང་མཉེན་པ།།

    ཕར་བཞུད་ཚུར་བཞུད་ལམ་ནས།།

    མིག་རྩ་ཡང་ཡང་སྒུལ་སོང་།།

    བཞིན་རས་དུང་གི་མདོག་ལ།།

    མཁུར་མཚོས་མེ་ཏོག་པད་མ།།

    ཁྱོད་ཀྱི་མཛེས་དང་འཛུམ་གྱིས།།

    ཡིད་ཀྱི་བརྟན་པ་ཕྲོགས་སོང་།།

    མི་ཚོགས་འདུ་འཛི་ཆེ་ཡང་།།

    ཁྲ་ཆུང་མིག་ལ་མཛེས་པ།།

    ཡ་ཆུང་སྙིང་ལ་མཛའ་བ།།

    ཁྱོད་རང་མ་གཏོགས་མི་འདུག།

    དུས་ཀྱི་འཁྱུག་འགྲོས་བར་ནས།།

    ཁྱོད་རང་གློ་བུར་བཞུད་སོང་།།

    སེམས་ཀྱི་གཏིང་དང་མཐའ་རུ།།

    ཞེན་ཆགས་མཚོ་མོ་བསྐྱིལ་སོང་།།

    སེམས་སོང་བུ་མོ་ཁྱོད་ལ།།

    མཚམས་འདྲི་ཞུ་འདོད་སྐྱེས་ཀྱང་།།

    རྒྱུ་རྐྱེན་ག་གེ་མོ་ཡིས།།

    འཁྲིས་སུ་བཅར་ནི་མ་ཕོད།།

    རྨི་ལམ་མཛེས་པའི་གྲོང་ནས།།

    ཁྱོད་རང་རྟག་ཏུ་མཐོང་ཡང་།།

    མངོན་སུམ་སྣང་བའི་ཁམས་ནས།།

    ཁྱོད་ཉིད་མཐོང་ཐབས་མི་འདུག།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།