སྨོན་པའི་མེ་ཏོག
སླར་ཡང་ཁྱེད་ཉིད་མཐོ་སྒང་ནས་བཞད་བྱུང་།
སྦྲ་འདབས་ནས་འཛུམ་བྱུང་།
བཅུ་དྲུག་གཞོན་ནུ་མའི་གསང་བ་བཞུར་གྱིན།
སྐྱེད་མ་ཚོའི་མཛའ་གཞས་བླངས་ཏེ།
བདག་གི་སྙན་ངག་གི་བྲང་ལ་བབས་བྱུང་།
མཐའ་མེད་པའི་མཛའ་གཞས་ཀྱི་ལུང་པ་འདི་ནས།
སེམས་ཀྱི་སྐྱོ་བ་མཐའ་དག་མ་ལུས་བཀྲུས་ཏེ།
སེམས་ཀྱི་མེ་ཏོག་ཁྱེད།
ཅི་འདྲའི་ཤེས་རིག་གིས་གསོས་པའི་དཔྱོད་ལྡན་ཞིག་ཨང་།
མེ་ཏོག་དཀར་སེར་དམར་ལྗང་།
སྐྱེད་ཚལ་གཅིག་ཏུ་འཛོམས་བྱུང་།
རང་བློར་བབས་པའི་རྒྱ་སེར།
གཡུ་ཡི་ཕྲ་རྒྱན་བཏབ་ཡོད།
ཕྲ་དེ་སེམས་ལ་བཏབ་ཡོད།
ཁྱེད་ནི་བདག་གི་དྲན་པ་ཁྱེར་བའི་ཡིད་འོང་དེ་རེད་ཨང་།
མེ་ཏོག་གི་རང་མདངས་དེ་འདྲའི་མཛེས་ན།
འཚོ་བ་ནི་འདི་ལྟར་བབ་ཆགས་ཤིང་གསོན་ཤུགས་ཀྱིས་ཁེངས་པས།
འཆར་ཡན་དང་སྨོན་པ་ཡང་འདི་ལྟར་དུ་བཞད་ན་བསམ་བྱུང་།
བདག་གི་སྨོན་པའི་མེ་ཏོག
ནམ་ཞིག་ངའི་ཕུགས་བསམ་དེ།
ཁྱེད་ཉིད་ལྷུག་པོར་གྲོལ་བའི་ངང་ཚུལ་ལྟར་མངོན་སུམ་དུ་སྨིན་གྱུར་ཅིག