ན་ཆུང་བྱིས་པར་བྲིས་པའི་ཀ་རྩོམ།
ཀ་ར་ངན་ངོན་ཙམ་གྱིས་བློ་འཚེངས་ཤིང་།།
ཁ་ཁོག་འགལ་བའི་བྱ་བ་མི་སྒྲུབ་པ།།
ག་ནས་བསམས་ཀྱང་ན་ཆུང་བྱིས་པའི་དུས།།
ང་ཡི་སེམས་ནས་བརྗེད་ཐབས་མི་འདུག་ཨང་།།
ཅ་གའི་ནོར་ལ་རྔམ་སེམས་མི་ཆེ་ཞིང་།།
ཆ་ལུགས་རྫུན་མའི་གར་ཡང་མི་འཁྲབ་པ།།
ཇ་ཡུན་ཙམ་ཡང་སེམས་ཁྲལ་མེད་པའི་ངང་།།
ཉ་གང་ཟླ་བ་བཞིན་དུ་འཛུམ་མདངས་རྒྱས།།
ཏ་རེན་ཁུར་གྱིས་ལུས་སེམས་མ་ངལ་ཞིང་།།
ཐ་མའི་རིགས་ལ་ངན་མཚང་མི་རྗོད་པ།།
ད་ནས་བཟུང་ཞེས་རེ་སྟོང་མི་འཆང་བ།།
ནག་ནོག་བྲལ་བའི་བྱིས་པའི་བློ་འདི་སྐྱིད།།
པ་སངས་བཞིན་དུ་ལྷག་བསམ་རབ་དཀར་ཞིང་།།
ཕ་མ་སྤུན་ལ་གཡོ་ཟོལ་ལས་མི་སྒྲུབ།།
བ་བེའུ་འཚོ་ལུགས་ཙམ་ཡང་མི་ཤེས་ཀྱང་།།
མ་ཤེས་ཤེས་མདོག་མཁས་རྫུ་སྟོན་མི་བྱེད།།
ཙ་རི་ལ་སོགས་འཁྱམ་ལ་མི་དགའ་ཞིང་།།
ཚ་གྲང་མི་འཛེམས་རྩེད་མོར་དབྱིངས་ཞུགས་ཀྱང་།།
ཛ་ལང་སྤྱོད་པས་རང་གཞན་མི་འཕུང་བར།།
ཝ་ལེར་རང་བཞིན་ཉིད་ཀྱི་དཔལ་ལ་འཚོ།།
ཞ་ཀྱོག་མིན་ཞེས་ཕོ་བསྟོད་མི་བྱེད་ཅིང་།།
ཟ་མ་མོ་ཞེས་ཁྱད་དུ་མི་གསོད་པ།།
འ་ཅག་ཁྱེད་ཅག་རིས་སུ་མི་ཕྱེ་བར།།
ཡ་ག་མེད་པའི་སྲོང་གཏམ་ཀུན་ལ་བརྗོད།།
ར་རོ་བཞིན་དུ་ཆང་གིས་མི་བཟི་ཞིང་།།
ལ་ལུང་ཉུལ་ནས་རུ་སྡེ་མི་དཀྲུགས་པ།།
ཤ་རུས་གཅིག་པའི་དུང་ཞེན་ཆེ་ན་ཡང་།།
ས་ཕྱོགས་གྲུབ་མཐའ་བཟང་ངན་རྩོད་མི་བྱེད།།
ཧ་ལས་མཁས་པའི་ཡོན་ཏན་མ་སྨིན་ཞིང་།།
ཨ་དོན་འབྱོངས་པའི་གྲུབ་རྟགས་མི་ལྡན་ཡང་།།
ཧ་ཧ་དགོད་སྒྲ་གཅིག་པུས་འཚོ་བ་ཡི།།
ཨ་ཉོག་འདི་ཚོར་དངོས་གནས་སྐྱིད་ཅིག་གདའ།།