དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་བརྒྱུད་རིམ་ལས་སློབ་ཁྲིད་ཀྱི་ནང་དོན་སྲ་བརྟན་གཏོང་ཕྱོགས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-23

    སློབ་ཆུང་སློབ་མ་ཚོས་སྦྱངས་ཟིན་པའི་ཤེས་བྱ་གང་ཞིག་དྲན་པའི་ངོས་སུ་བརྟན་པོ་ཞིག་འཇགས་ཐུབ་པ་དགོས་ན་དགེ་རྒན་གྱིས་ཁྲིད་ཟིན་པའི་ཤེས་བྱ་ཁག་སྲ་བརྟན་དུ་གཏོང་ཐུབ་མིན་ལ་རག་ལས་པ་ཡིན་ལ། སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་དགེ་རྒན་གྱིས་ཁ་གསབ་ཇི་སྙེད་ཅིག་བྱས་པ་ཙམ་མ་ཡིན་པར་དགེ་རྒན་གྱིས་སྲ་བརྟན་གཏོང་ཐབས་ལེགས་མིན་དང་འབྲེལ་བ་ཆེན་པོ་མཆིས་པས། འདིར་གུས་མོས་རང་ཉིད་ཀྱི་བགྲང་བྱ་བཅུ་ལྷག་གི་སྐད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་ལ་གཞིགས་ནས་ཁྲིད་ཟིན་པའི་ཤེས་བྱ་སྲ་བརྟན་ཇི་ལྟར་གཏོང་ཕྱོགས་སྐོར་ཅུང་གླེང་བར་བྱ་སྟེ།

    དང་པོ། སློབ་ཚན་གསར་པ་ཁྲིད་རྗེས་སློབ་མར་རང་སྦྱོང་གི་གོ་སྐབས་སྤྲད་དེ་སྲ་བརྟན་དུ་གཏོང་བ།

    ང་ཚོས་སློབ་ཁྲིད་བྱེད་སྐབས་ཚོགས་ཐུན་གཅིག་གི་ནང་དུ་ཤེས་བྱ་གསར་པ་དེ་འཁྲིད་རྐྱང་ཁོ་ན་མ་བྱས་པར། སློབ་མར་སྐར་མ་ལྔའམ་བཅུའི་ཁོམ་པ་སྤྲད་དེ་སློབ་མ་ཚོར་ད་ལྟ་ཁྲིད་མ་ཐག་པའི་ཤེས་བྱར་བསྐྱར་སྦྱོང་དང་གསབ་སྦྱོང་གི་དུས་ཚོད་སྤྲོད་དགོས་པ་ནི་གལ་ཆེན་པོ་ཞིག་ཡིན་ལ། ཚོགས་ཐུན་རེར་ནང་དོན་གསར་པ་ཞིག་སློབ་གིན་དུ་སློབ་མར་དྲི་བ་མང་ཙམ་བཏོན་ཏེ་བསླབས་མ་ཐག་པའི་ནང་དོན་ཁག་དྲན་པའི་ངོས་སུ་བརྟན་པོར་འཇགས་ཐུབ་ཕྱིར་སྲ་བརྟན་དུ་གཏོང་རྒྱུའང་གལ་ཆེར་མཐོང་སྟེ། མིང་ཚིག་སློབ་ཁྲིད་བྱས་ཚར་ན་སློབ་མ་ཚོར་མིང་ཚིག་དེ་དག་གི་དག་ཆ་བློ་ལ་ངེས་པའི་དུས་ཚོད་སྤྲོད་དགོས་པ་དང་། མཉམ་འགྲོས་སྦྱོང་གཞི་ལས་མིང་ཚིག་དང་འབྲེལ་བ་ལྡན་པའི་སྦྱོང་གཞི་ཁག་ལས་ཁག་ཅིག་བདམས་ཏེ་སློབ་ཚན་དེ་གའི་ཐོག་སློབ་མར་འབྲི་རུ་བཅུག་སྟེ་སྲ་བརྟན་དུ་གཏོང་བ་ལྟ་བུ་རེད།

    གཉིས་པ། སློབ་ཕྱིའི་སྦྱོང་ཚན་འཆར་འགོད་ལེགས་པོ་བྱས་ཏེ་སྦྱངས་ཟིན་པའི་ཤེས་བྱ་སྲ་བརྟན་དུ་གཏོང་བ།

    དེང་དུས་རྒྱལ་ཁབ་ནས་གཉིས་ཡང་སྲིད་ཇུས་ལག་བསྟར་དོན་འཁྱོལ་གནང་མུས་ཡིན་ལ། ང་ཚོས་གཉིས་ཡང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཐུབ་མིན་ནི་འཐབ་ས་མདུན་མར་གནས་པའི་དགེ་བའི་བཤེས་གཉེས་ཚོས་སློབ་མའི་སྦྱོང་ཚན་གྱི་ནང་དོན་མང་ཉུང་རན་པོ་དང་། སྦྱོང་ཚན་སྤུས་ཚད་ལྡན་པ་ཡོང་ཕྱིར་ཉིན་རེའི་ཁྱིམ་སྦྱོང་གི་ནང་དོན་འཆར་འགོད་ལེགས་པར་བྱ་དགོས་པ་སྟེ། ཉིན་རེའི་ཁྱིམ་སྦྱོང་གི་ནང་དོན་གྱིས་གསར་དུ་འཁྲིད་པའི་སློབ་ཚན་གྱི་ནང་དོན་སྲ་བརྟན་ཐུབ་པའི་རྨང་གཞིའི་ཐོག་སློབ་ཕྱིའི་སྦྱོང་ཚན་དེ་སློབ་མའི་ཁུར་པོར་མ་གྱུར་བ་བྱ་ཆེད་སྦྱོང་ཚན་གྱི་མང་ཉུང་ཚད་རན་པོ་དང་སྤུས་ཚད་ཡོད་པ་ཞིག་འཆར་འགོད་ཐུབ་ན། དེས་སློབ་མས་སྦྱངས་ཟིན་པའི་ཤེས་བྱ་ཁག་སྲ་བརྟན་ཐུབ་རྒྱུར་མཐུན་རྐྱེན་བསྐྲུན་ཐུབ་ངེས་ཡིན། དཔེར་ན། གསར་དུ་འཁྲིད་པའི་སློབ་ཚན་དེ་ལྟ་ཀློག་བྱ་རྒྱུ་ཡིན་ན། སྦྱོང་ཚན་གྱི་ནང་དོན་ཡང་ལྟ་ཀློག་གཙོ་བོར་བཟུང་བ་དང་། གསར་དུ་འཁྲིད་པའི་སློབ་ཚན་གྱི་ནང་དོན་མིང་ཚིག་སློབ་ཁྲིད་ཡིན་ན། སྦྱོང་ཚན་དེ་མིང་ཚིག་གསོག་འཇོག་དང་མིང་ཚིག་བེད་སྤྱོད་ཐུབ་པའི་བརྗོད་པ་བཟོ་རྒྱུ་བཀོད་སྒྲིག་བྱ་བ་ལྟ་བུ། དེ་བཞིན་གསར་དུ་འཁྲིད་པའི་སློབ་ཚན་གྱི་ནང་དོན་སློབ་ཚན་དབྱེ་ཞིབ་ཡིན་ན། ཉིན་དེའི་སྦྱོང་ཚན་ཡང་མཉམ་འགྲོས་སྦྱང་གཞི་ལས་དབྱེ་ཞིབ་དང་འབྲེལ་བ་ཡོད་པ་དག་སྦྱོང་ཚན་དུ་བསྐུར་ན་གཅིག་ནས་སྦྱོང་ཚན་བཀོད་སྒྲིག་གིས་གསར་འཁྲིད་ཀྱི་ནང་དོན་་སྲ་བརྟན་དུ་གཏོང་ཐུབ་པ་དང་། གཉིས་ནས་སྦྱོང་ཚན་མང་ཉུང་ཚད་རན་པོ་ཡོང་ཐུབ་པ་ཡིན་པས། དེ་ལྟ་བུའི་སྦྱོང་ཚན་བཀོད་སྒྲིག་གིས་སློབ་མས་དུས་ཐོག་ཏུ་སྦྱངས་པའི་ཤེས་བྱ་སྲ་བརྟན་དུ་ལེགས་པོ་གཏོང་ཐུབ་སྙམ་མོ།

    གསུམ་པ། ཞོགས་ཚོགས་ཐོག་དྲི་བ་མང་ཙམ་བཏོན་ཏེ་སྲ་བརྟན་དུ་གཏོང་བ།

    སློབ་ཆུང་བོད་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་བྱེད་ཕྱོགས་ལ་ཆ་མཚོན་ན། གཟའ་འཁོར་རེར་བོད་ཡིག་གི་ཞོགས་ཚོགས་ཐེངས་གཉིས་རེ་ཡོད། ཞོགས་ཚོགས་ཀྱི་དུས་ཚོད་དེ་ནི་སློབ་མ་ཚོ་རིག་པ་གསལ་ཤོས་དང་གྲུང་ཤ་དོད་ཤོས་ཀྱི་དུས་ཚོད་དུ་བརྩི་ཆོག་པས། རྒན་ལགས་ཚོས་རིན་ཐང་ཆེ་བའི་དུས་ཚོད་དེ་བེད་སྤྱད་དེ་སློབ་ཚན་གསར་པ་མ་ཁྲིད་གོང་སྦྱངས་ཟིན་པའི་ནང་དོན་ལ་བསྐྱར་སྦྱོང་གནང་གི་ཡོད་དེ། དགེ་རྒན་ཕལ་ཆེ་བས་དུས་ཚོད་དེར་སློབ་མ་ཚོར་སྦྱངས་ཟིན་པའི་ཤེས་བྱ་ཁག་མགོ་ནས་མཇུག་བར་མཉམ་ཀློག་བྱེད་དུ་འཇུག་གི་ཡོད་ལ། དགེ་རྒན་མི་ཉུང་བས་སློབ་མ་ཚོར་བློ་འཛིན་བྱ་རྒྱུའི་ནང་དོན་ཁག་བསྐྱར་སྦྱོང་བྱེད་དུ་འཇུག་གི་ཡོད། གུས་མོས་ཞོགས་ཚོགས་ཐོག་སྦྱངས་ཟིན་པའི་ཤེས་བྱ་ཁག་གོ་རིམ་བཞིན་ནང་དོན་མང་ཉུང་ཚད་རན་པོ་ཞིག་བདམས་རྗེས་སློབ་མ་སོ་སོར་ལྟ་ཀློག་སྦྱོང་བརྡར་བྱེད་པའི་གོ་སྐབས་སྤྲད་རྗེས་ལྟ་ཀློག་སྦྱོང་བརྡར་བྱེད་པའི་དུས་ཚོད་མཇུག་འགྲིལ་བ་དང་འཛིན་གྲྭའི་སློབ་མ་རེ་རེ་བཞིན་ལ་དྲི་བ་འདོན་པའི་ཐབས་སྤྱད་དེ་སྲ་བརྟན་གཏོང་གི་ཡོད་ལ། སློབ་མ་གཅིག་ལ་དྲི་བ་འདོན་དུས་སློབ་མ་གཞན་ཚོས་དྲི་བ་དེ་རང་གིས་ཤེས་ཀྱི་ཡོད་མེད་དོ་སྣང་བྱེད་དགོས་ཁར། སྐབས་རེ་སློབ་མ་གཞན་ལ་བཏོན་ཟིན་པའི་དྲི་བ་ག་གེ་མོ་ཞིག་རྗེས་ཀྱི་སློབ་མར་ཡང་བསྐྱར་བཏོན་ཏེ་སློབ་མ་དེས་བཏོན་ཟིན་པའི་དྲི་བ་དེར་སྣང་འཇོག་བྱས་ཡོད་མེད་བརྟག་པའི་ཐབས་སྤྱད་དེ་སློབ་མ་ཁྱོན་ཡོངས་ཀྱིས་རང་འགུལ་ངང་ལྟ་ཀློག་སྦྱོང་བརྡར་ཐུབ་རྒྱུར་ལྟ་སྐུལ་བྱེད་ཀྱི་ཡོད། གུས་མོས་བགྲང་བྱ་མང་པོ་ཞིག་གི་ཞོགས་ཚོགས་སམ་དགོང་ཚོགས་སྐབས་གོང་གི་ཐབས་དེ་སྤྱད་ནས་སློབ་ཚན་ལྟ་ཀློག་དང་མིང་ཚིག་གསོག་འཇོག་ལ་སོགས་སྲ་བརྟན་དུ་གཏོང་གི་ཡོད་པས། གུས་མོས་སློབ་མ་རེ་རེ་བཞིན་ལ་ངག་སྐྱོར་རྩིས་ལེན་སོགས་མ་བྱས་ཀྱང་སློབ་མ་སྤྱི་ཡོངས་ཀྱི་སློབ་ཁྲིད་ནང་དོན་ཁོང་དུ་ཆུད་ཚད་ལེགས་པོ་ཡོང་ཐུབ་ཀྱི་འདུག་པས། སྲ་བརྟན་གཏོང་ཕྱོགས་དེས་སློབ་མ་ཚོས་གང་ཞིག་སྦྱོང་དགོས་མིན་ཤེས་རྟོགས་ཐུབ་པ་དང་། སློབ་མ་སུ་ཡིན་ནའང་དྲི་བར་ལན་འདེབས་དགོས་ངེས་ཡིན་པ་ཤེས་རྟོགས་ཐུབ་ཅིང་། སློབ་མས་རང་ཚུགས་སྒོས་ཤེས་བྱ་སྦྱོང་བར་སྐུལ་འདེད་ཐུབ་ཀྱི་འདུག་ལ། སློབ་མ་ཡོངས་ཀྱིས་རྒན་ལགས་ཀྱིས་སྤྲད་པའི་ལས་འགན་ལེགས་སྒྲུབ་ཐུབ་ཕྱིར་སྔོན་ལ་རང་ཉིད་ཀྱིས་ལྟ་ཀློག་སྦྱོང་བརྡར་བྱེད་ཐུབ་པ་དང་། དེ་ནས་རྒན་ལགས་ཀྱིས་བཏོན་པའི་དྲི་བར་བསམ་གཞིག་བྱ་ཐུབ་པ། དེ་བཞིན་སློབ་མ་ཡོངས་ལ་བཏོན་པའི་དྲི་བ་སྣ་ཚོགས་ཀྱིས་སློབ་མ་མི་རེ་ངོ་རེས་སྦྱངས་ཟིན་པའི་ཤེས་བྱ་བེད་སྤྱོད་གཏོང་ཐུབ་མིན་ལ་བརྟག་དཔྱད་ཐུབ་པ། ལྷག་པར་དུ་དྲི་བ་མང་པོ་ཞིག་ཐེངས་མ་ཁ་ཤས་བཏོན་པས་རྨང་གཞི་ཞན་པའི་སློབ་མས་ཤེས་བྱ་གང་དེ་རང་གི་བློ་ལ་བརྟན་པོ་ངེས་རྒྱུར་སྐུལ་འདེད་ཐུབ་པ། དེ་བས་གཟའ་འཁོར་འགའ་ཤས་ཀྱི་དུས་ཚོད་སྤྱད་པ་བརྒྱུད་འཛིན་གྲྭའི་སློབ་མ་ཁྱོན་ཡོངས་ལ་དྲི་བར་ལན་རྒྱག་པའི་གོ་སྐབས་རག་པ་དེས་དགེ་རྒན་གྱིས་སློབ་ཁྲིད་དེ་སློབ་མ་ཁྱོན་ཡོངས་ལ་ཁ་ཕྱོགས་ཐུབ་པ་བཅས་བྱུང་བས། གུས་མོས་སྲ་བརྟན་གཏོང་ཐབས་དེ་རང་ཉིད་ཀྱི་སློབ་ཁྲིད་ཀྱི་ཉམས་མྱོང་ཁྲོད་ལས་གྲུབ་འབྲས་ཐོབ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་མུས་ཡིན།

    བཞི་པ། མིང་ཚིག་དཔོད་བྲིས་ཡང་ཡང་བཏང་སྟེ་སྲ་བརྟན་དུ་གཏོང་བ།

    སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་མདུན་མར་གནས་པའི་རྒན་ལགས་ཇི་སྙེད་ཅིག་གིས་དཔོད་བྲིས་གཏོང་བའི་ཐབས་འདི་བེད་སྤྱད་དེ་སློབ་མས་མིང་ཚིག་གསོག་འཇོག་ཇི་ལྟར་ཐུབ་མིན་དང་། སློབ་མའི་དག་ཆ་ངེས་ཚད་ལ་དཔྱད་དཔོག་བྱེད་བཞིན་ཡོད། ཡིན་ནའང་རྒན་ལགས་འགའ་ཤས་དང་སྐད་ཡིག་སློབ་གསོར་དོ་སྣང་གནང་མཁན་གྱི་རྒན་ལགས་འགའ་ཞིག་གིས་དཔོད་བྲིས་ཀྱི་ནང་དོན་གནད་འཕིགས་མ་བྱུང་ན་དཔོད་བྲིས་ཁོ་ན་བཏང་བ་ཙམ་གྱིས་ཕན་དེ་ཙམ་མི་ཐོགས་པའི་ངོས་འཛིན་ཡང་གནང་གི་ཡོད། ཡིན་ནའང་གུས་མོས་དཔོད་བྲིས་གཏོང་བ་ནི་སློབ་མས་མིང་དང་ཚིག དེ་བཞིན་ལེགས་བཤད་དང་དམངས་གཞས། གཏམ་དཔེ་སོགས་ཀྱི་དག་ཆ་ཡང་དག་པ་ཞིག་ཤེས་ཐུབ་རྒྱུར་རམ་འདེགས་ཐུབ་ཅིང་། དཔོད་བྲིས་གཏོང་བའི་བྱེད་ཐབས་དེས་སློབ་མས་རྣམ་ཀུན་ནས་ཤེས་བྱ་གང་ཞིག་གསོག་འཇོག་བྱས་ཀྱང་དག་ཆར་དོ་སྣང་ཡོང་བར་སྐུལ་འདེད་ཐུབ་པར་འདོད་དེ། སློབ་མས་སློབ་ཁང་དང་ཁྱིམ་ནས་འབྲེལ་འདྲིས་བྱུང་བའི་མིང་ཚིག་དག་དགེ་རྒན་གྱིས་དུས་ཐོག་ཏུ་དཔོད་བྲིས་བཏང་ནས་སློབ་མས་ཡང་དག་པར་ཁོང་དུ་ཆུད་མིན་བརྟག་པ་དང་། འགྲེལ་བཤད་རྒྱག་པ་སོགས་ཐབས་ཤེས་སྣ་ཚོགས་སྤྱད་དེ་སློབ་མར་དུས་ཐོག་ཏུ་ཁྲིད་སྟོན་བྱས་ཁར། སློབ་མ་ཚོས་དཔོད་བྲིས་ཀྱི་ནང་དོན་ནོར་བ་དག་དུས་ཐོག་ཏུ་ནོར་བཅོས་བྱེད་དུ་འཇུག་པའམ་ནོར་བ་དག་ལ་ལྟ་ཀློག་སྦྱོང་བརྡར་བྱེད་པའི་གོ་སྐབས་སྤྲད་དེ། སྦྱངས་ཟིན་པའི་ཤེས་བྱ་སྐབས་འཕྲལ་སྲ་བརྟན་གཏོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པ་ཚོར་འོང་གི་འདུག ལྷག་པར་དུ། ང་ཚོ་སློབ་ཁྲིད་ཀྱི་འཐབ་ས་མདུན་མར་གནས་པའི་དགེ་རྒན་ཞིག་གིས་དཔོད་བྲིས་གཏོང་སྐབས་མིང་ཚིག་རྐྱང་པ་བསྡུས་ཀློག་བརྒྱབ་ནས་སློབ་མར་དཔོད་བྲིས་གཏོང་བ་ཙམ་མ་ཡིན་པར་མིང་ཚིག་དེ་དང་འབྲེལ་བའི་ཤེས་བྱ་བེད་སྤྱད་དེ་མིང་ཚིག་དེ་འདྲེན་པར་བྱ་བའམ། མིང་ཚིག་དེ་ཁ་སྐོང་སའི་སྐད་ཆའི་ཁོར་ཡུག་ཅིག་བསྐྲུན་ཏེ་མིང་ཚིག་དེ་སློབ་མས་དྲན་ཐུབ་པར་བྱས་རྗེས། དེ་ནས་མིང་ཚིག་དེ་དཔོད་བྲིས་གཏོང་བ་སོགས་དཔོད་བྲིས་གཏོང་བའི་རྣམ་པར་སྒྱུར་བཅོས་བྱ་རྒྱུར་མཐོང་ཆེན་དང་། དཔོད་བྲིས་བྱས་རྗེས་མིང་ཚིག་དེ་བེད་སྤྱོད་ཐུབ་པའི་སྦྱོང་བརྡར་དང་དག་ཆ་གསོག་འཇོག་ཐུབ་པའི་སྦྱོང་བརྡར་གཉིས་ཟུང་འབྲེལ་བྱས་ན། དཔོད་བྲིས་གཏོང་བའི་ཐབས་དེ་ནི་སྐད་ཡིག་སློབ་ཁྲིད་ཁྲོད་སྦྱངས་ཟིན་པའི་ཤེས་བྱ་སྲ་བརྟན་གཏོང་ཐབས་ལེགས་པོ་ཞིག་རེད་སྙམ།

    མདོར་ན། འཛིན་གྲྭའི་ནང་གི་སློབ་མ་མང་ཆེ་བས་ཤེས་བྱ་གང་ཞིག་ལེགས་པར་ཁོང་དུ་ཆུད་ཐུབ་མིན་ནི་དགེ་རྒན་གྱིས་ཤེས་བྱ་གང་དེ་སྲ་བརྟན་ལེགས་པོ་གཏོང་ཐུབ་མིན་ལ་རག་ལས་པས། གོང་དུ་གུས་མོས་རང་ཉིད་ཀྱི་སློབ་ཁྲིད་ཀྱི་ཉམས་མྱོང་ལ་གཞིགས་ནས་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་སློབ་ཁྲིད་བརྒྱུད་རིམ་ལས་ཤེས་བྱ་སྲ་བརྟན་གཏོང་ཕྱོགས་སྐོར་ཕྲན་བུ་གླེང་བ་དེ་ཡིན་ལ། ནང་དོན་དེ་དག་གི་ཁྲོད་དུ་ཡང་མ་དག་པའི་ཆ་ཅི་མཆིས་རུང་གཟུར་གནས་མཁས་པའི་ཚོགས་ཀྱིས་བཀའ་སློབ་ཡོད་པ་མཁྱེན།

    (ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ཕུར་བུ་སྒྲོན་ལགས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།