དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྣམ་དབྱེ་དང་ཚིག་ཕྲད་ཀྱི་དབྱེ་བ་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    དམའ་རིམ་སློབ་འབྲིང་གི་སློབ་མ་ཞིག་ལ་མཚོན་ན་སློབ་དེབ་ཀྱི་ཤེས་བྱ་ནི། ཤེས་རིག་གི་འབྱུང་ཁུངས་གལ་ཆེ་ཤོས་དེ་ཡིན་པ་དང་། དེའི་རྨང་གཞིའི་སྟེང་ནས་གོམ་པ་རིམ་བགྲོད་དང་རིག་པ་རྒྱ་བསྐྱེད་ཀྱིས་དེ་ལས་གཏིང་ཟབ་པའི་གཞུང་ལུགས་གཞན་ལ་སྦྱོང་བརྡར་གང་ལེགས་ཐོབ་པ་བྱེད་ཀྱི་ཡོད། ཤེས་བྱ་དེ་དག་སྔ་མ་སྔ་མ་དག་ནི་ཕྱི་མ་ཕྱི་མའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། གོང་དུ་སྦྱངས་པ་བྱས་པའི་རིག་གཞུང་གི་རྨང་གཞི་དེ་དག་ལ་བརྟེན་ནས་གོམ་པ་རིམ་བགྲོད་ངང་མཐའ་ཡས་ཤེས་བྱའི་མཁའ་དབྱིངས་མཐོན་པོར་འཇུག་པར་བྱེད་ཀྱི་ཡོད། སློབ་འབྲིང་སྐབས་ཀྱི་བོད་ཀྱི་བརྡ་སྤྲོད་རིག་པའི་ཤེས་བྱ་རྣམས་རྒྱུན་གཏན་རྩོམ་འབྲིའི་ལག་ལེན་དངོས་སུ་ཇི་ལྟར་སྤྱོད་པ་ལས་འཕྲོས་ཏེ་ཁོ་བོས་རྣམ་དབྱེ་དང་ཚིག་ཕྲད་ཀྱི་དབྱེ་བའི་ལྟ་ཚུལ་དང་གནད་དོན་འགའ་ཞིག་ལ་རང་བློས་དཔོག་ཚོད་ཀྱིས་དཔྱད་མོལ་མདོ་ཙམ་ཞིག་ཞུའོ། །

    དང་པོ། ཚིག་ཕྲད་དང་རྣམ་དབྱེའི་ཁྱད་པར་སྐོར།

    སྨྲ་སྒོ་མཚོན་བྱ་ལས། གང་ཞིག་རང་གི་དོན་མེད་ཅིང་། །དོན་གྱི་མིང་ལ་གསལ་བྱེད་པ། །ཚིག་གི་ཕྲད་ཅེས་བྱ་བ་སྟེ། །ཞེས་པ་ལྟར་ཚིག་ཕྲད་ཅེས་པ་ནི། མིང་ཚིག་གི་ཐོག་མཐའ་བར་གསུམ་གང་རུང་དུ་སྦྱར་ན་དོན་སྟོན་པ་གང་ཞིག་མ་སྦྱར་ན་རང་སྟོབས་ཀྱིས་དོན་ཅི་ཡང་སྟོན་མི་ནུས་པའི་སྒྲའི་ཆ་ཤས་ཤིག་ལ་བརྗོད་པ་ཡིན་ཏེ། དཔེར་ན། ཤར་དུ་འགྲོ་ཞེས་པའི་དུ་སྒྲ་དང་། ཁྲོམ་ལ་ཕྱིན་ཞེས་པའི་ལ་སྒྲ་བཞིན་ནོ། །ཚིག་ཕྲད་ཀྱི་ནུས་པ་ནི། སྨྲ་སྒོ་མཚོན་བྱ་ལས། ལྕགས་གཉིས་སྦྱོར་བར་བྱེད་པའི་ཚ་ལྟ་བུར་གསུངས་ལ། གཞུང་གཞན་ལས། གོས་གཉིས་སྦྲེལ་བྱེད་ཀྱི་ཁབ་སྐུད་དུའང་དཔེར་བཞག་གོ །སྤྱིར་ཕྲད་ལ་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་། སུམ་ཅུ་པའི་དངོས་བསྟན་གྱི་ཕྲད་ལ་མཚོན་ན། རྩ་བའི་ཁྱད་ཆོས་བཞི་ངེས་པར་དུ་ཚང་དགོས་པ་སྟེ། སྐབས་དོན་དང་བསྟུན་ནས་གསར་དུ་སྦྱར་བ། རང་ངོས་ནས་དོན་ཅི་ཡང་མི་སྟོན་པ། དོན་སྟོན་པའི་ཐ་སྙད་དང་སྒྲ་གདངས་མི་འདྲ་བ། གང་དུ་སྦྱར་བྱའི་མིང་ཚིག་དེ་ལ་དོན་གྱི་རང་བཞིན་གསར་པ་ཞིག་འདོན་ཐུབ་པ། ཕྲད་ཀྱི་ཁྱད་ཆོས་དེ་ལྟར་བཞག་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཁྱད་ཆོས་དང་པོས་མིང་མཐའ་དང་ཕྲད་མི་འཁྲུག་པའི་དགོས་པ། གཉིས་པས་ཕྲད་དང་རྣམ་དབྱེ་དང་པོ་མི་འཁྲུལ་བའི་དགོས་པ། གསུམ་པས་མིང་དང་ཕྲད་ཀྱི་ཁྱད་པར་ཤེས་པའི་དགོས་པ་ཙམ་དུ་མ་ཟད། ཅན་ལྡན་དང་མིན་མེད་ལྟ་བུ་སུམ་ཅུ་པའི་སྐབས་ཀྱི་བདག་དགག་གི་སྒྲ་མི་འཁྲུལ་བའི་དགོས་པའང་ཡོད། རྣམ་དབྱེའི་གོ་དོན་ནི་ཆོས་གཉིས་ཀྱི་རྣམ་པ་མ་འདྲེས་པར་དབྱེ་བ་ཡོད་པར་བྱས་པ་ལ་རྣམ་དབྱེ་ཟེར། དཔེར་ན། ཕྱོགས་སུ་འགྲོ་ཞེས་པ་ལྟ་བུའི་ཕྱོགས་ཉིད་འགྲོ་བའི་ཡུལ་དུ་གོ་བ་ནི་སུ་ཞེས་པའི་ནུས་པ་ཏེ། དེ་མ་སྦྱར་བར་ཕྱོགས་འགྲོ་ཞེས་བྱས་ན་ཕྱོགས་ཉིད་འགྲོ་བ་པོར་གོ་བས་འགྲོ་སའི་ཡུལ་དུ་གོ་མ་ཐུབ་པའི་ཕྱིར་རོ།

    སྤྱིར་རྣམ་དབྱེའང་ཚིག་ཕྲད་ཡིན་ཏེ། རང་ཁོ་ནས་བརྗོད་བྱ་སྟོན་མི་ནུས་པར་ཚིག་སྔ་ཕྱི་ཕྲད་པར་བྱེད་པའི་སྒོ་ནས། དོན་གྱི་ཁྱད་པར་སྟོན་པ་ཡིན། འདིར་རྣམ་དབྱེ་ཚིག་ཕྲད་ལས་ལོགས་སུ་བཀར་དོན་ཅི་ཡིན་ཞེ་ན། དེ་གཉིས་ཀྱི་ནུས་པ་མི་འདྲ་སྟེ། ཚིག་ཕྲད་ནི། མིང་དང་མིང་ངམ། ཚིག་དང་ཚིག་གི་གོ་རིམ་བཞིན་དུ་མཚམས་སྦྱར་ནས། ངག་གི་ཕྲེང་བ་སྤེལ་བའམ། ཚིག་མཛེས་པར་བྱེད་པའམ་དོན་གསལ་བ་བྱེད་པའི་སྒྲ་ཡིན་ཏེ། དེ་དག་ཡིན་ཀྱང་གོ་བརྡ་འཕྲོད་པས། ཚིག་སྦྱོར་དུ་མེད་ཀྱང་རུང་བ་ཞིག་ཡིན། རྣམ་དབྱེ་ནི། ཆོས་གཉིས་ངོ་བོ་མི་འདྲེས་པར་རྣམ་པར་ཕྱེ་ནས་དོན་ངེས་ཅན་ཞིག་གསལ་བར་བྱེད་པའི་སྒྲ་ཡིན་ཏེ། ཚིག་སྦྱོར་དུ་མེད་དུ་མི་རུང་བ་ཞིག་ཡིན། དཔེར་ན། རྣམ་དབྱེ་གཉིས་པ་ལས་སུ་བྱ་བས་བྱ་བའི་ཡུལ་དང་བྱ་བ་གཉིས་སོ་སོར་འབྱེད་པ། རྣམ་དབྱེ་གསུམ་པས་བྱེད་པ་པོ་དང་བྱ་བ་གཉིས་སོ་སོར་འབྱེད་པ། རྣམ་དབྱེ་བཞི་པས་ཆེད་དུ་བྱ་བའི་ཡུལ་དང་བྱ་བ་གཉིས་སོ་སོར་འབྱེད་པ་སོགས་སྟོན་པའོ། །རྣམ་དབྱེ་དང་ཚིག་ཕྲད་ལ་མུ་བཞི་རྩིས་ཚུལ་ཡོད་པ་སྟེ། ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པའི་མུ། སླར་བསྡུ། རྒྱན་སྡུད་སོགས་དང་། རྣམ་དབྱེ་ཡིན་ལ་ཕྲད་མ་ཡིན་པའི་མུ་ནི། རྣམ་དབྱེ་དང་པོ་དང་འབོད་སྒྲ། ཕྲད་དང་རྣམ་དབྱེ་གཉིས་ཀ་ཡིན་པའི་མུ་ནི། ལ་དོན། ཕྲད་དང་རྣམ་དབྱེ་གང་ཡང་མ་ཡིན་པའི་མུ་ནི། རྟགས་འཇུག་ལྟ་བུའོ།

    གཉིས་པ། ཚིག་ཕྲད་ཀྱི་རིགས་དབྱེ་དང་གྲངས་ངེས་སྐོར།

    བོད་སྐད་ཚིག་ཕྲད་ལ་རིགས་ཀྱི་དབྱེ་བ་ཇི་ལྟར་གཏོང་དགོས་མིན་ཐད། སྐབས་འདིར་དབྱེ་སྒོ་བཞི་ཡི་སྟེང་ནས་བཤད་པར་བྱ་སྟེ། རྗེས་འཇུག་ལ་བལྟོས་པ་དང་མི་བལྟོས་པའི་སྒོ་ནས་དབྱེ་ཚུལ་དང་། ཚིག་གི་བསྒྲུབ་གཞི་བྱེད་པ་དང་མི་བྱེད་པའི་སྒོ་ནས་དབྱེ་ཚུལ། ཚིག་ཕྲད་རང་ངོས་ཀྱི་གྲུབ་ཆ་མི་འདྲ་བའི་སྒོ་ནས་དབྱེ་ཚུལ། དབྱངས་ཀྱི་ང་རོའི་རྐྱེན་རིགས་མི་འདྲ་བའི་སྒོ་ནས་དབྱེ་ཚུལ་ལོ། །

    ༡ རྗེས་འཇུག་ལ་བལྟོས་པ་དང་མི་བལྟོས་པའི་སྒོ་ནས་དབྱེ་ཚུལ།

    རྗེས་འཇུག་ལ་བལྟོས་པ་དང་མི་བལྟོས་པའི་སྒོ་ནས་དབྱེ་ན། ཚིག་ཕྲད་ལ་གཞན་དབང་ཅན་དང་རང་དབང་ཅན་གྱི་རིགས་ཆེན་པོ་གཉིས་སུ་དབྱེ་ཆོག དབྱེ་ཚུལ་འདིའི་ཁུངས་ཧ་ལམ་སི་ཏུ་པཎ་ཆེན་གྱི་རྗེས་ཐོགས་ཙམ་ཞིག་ནས་དར་ཁྱབ་བྱུང་བའི་ཚིག་ཕྲད་ཀྱི་རིགས་དབྱེ་ཐབས་ཤིག་ཡིན་ལ། ད་ལྟའི་སྐབས་ཡང་བརྡ་སྤྲོད་ཀྱི་བསླབ་གཞི་སོགས་ཀུན་ལ་ཅུང་རྒྱུགས་ཆེ་བའི་དབྱེ་ཚུལ་གྲགས་ཆེ་བ་ཞིག་ཡིན། ཡིན་ཡང་། དབྱེ་ཚུལ་འདི་ལ་ད་ལྟའི་བར་དུ་ད་དུང་ཞིབ་ཆ་མི་ཐོན་པའི་གནད་དོན་མང་པོ་འདུག དམའ་འབྲིང་སོགས་ཀྱི་བོད་ཡིག་གི་བསླབ་གཞིའི་ནང་རྟག་དུ་མཐོང་རྒྱུ་ཡོད་དེ། དཔེར་ན། དམའ་འབྲིང་ལོ་རིམ་བརྒྱད་པའི་སྟོད་ཆའི་བསླབ་གཞིའི་ནང་། ཚིག་ཕྲད་ལ་རྩ་བའི་དབྱེ་བ་གཉིས་ནི། རྗེས་འཇུག་གི་ཁྱད་པར་ལ་བལྟོས་པའི་ཕྲད་གཞན་དབང་ཅན་དང་། དེ་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་གཉིས་ཡོད། ཞེས་འཁོད་ཡོད། དེ་ལྟར་དབྱེ་ན་མ་འགྲིག་སྟེ། ནམ་རྒྱུན་སློབ་ཁྲིད་བྱེད་སྐབས་དབྱེ་བ་དེ་གཉིས་སུ་ཕྱེ་བའི་ཚད་གཞིའམ་རྒྱུ་མཚན་གང་ཞིག་ཡིན་དགོས་པའི་སྐོར་ངོས་འཛིན་མི་གསལ་བ་དང་། དེ་མི་གསལ་བ་ལ་བརྟེན་ནས། རྗེས་འཇུག་གི་ཁྱད་པར་ལ་བལྟོས་པའི་ཕྲད་གཞན་དབང་ཅན་གྱི་ཚིག་ཕྲད་ལ་གྲངས་བརྒྱད་དུ་བཅད་ཅིང་། འབྱུང་ཁུངས་ལས་ནས་དང་། འབོད་པ་ཀྱེ་སོགས་རྗེས་འཇུག་གི་ཁྱད་པར་ལ་མི་བལྟོས་ཤིང་། གཞན་དབང་ཅན་གྱི་ཁུངས་སུ་བཙན་གྱིས་འཇུག་པ་དང་། བདག་སྒྲའི་པ་པོ་བ་བོ་དང་། མཉམ་སྦྱོར་ཅིང་ཞིང་ཤིང་དང་། འདྲེན་སྒྲ་ཅེས་ཞེས། སྐུལ་སྨོན་གྱི་ཕྲད་ཅིག་ཞིག་ཤིག་ལ་སོགས་པ་རྗེས་འཇུག་གི་གཞན་དབང་ལ་ནན་གྱིས་བལྟོས་ནས་འཇུག་དགོས་པ་ཤ་སྟག་ཡིན་ཡང་དེ་དག་གཞན་ཅན་གྱི་མིང་ཙམ་ཡང་མི་ཐོགས། མདོར་ན་དབྱེ་ཚུལ་འདི་ལ། འགལ་བ་སོགས་སྐྱོན་ཆ་མང་བར་སྣང་ཞིང་། ལས་དང་པོ་བའི་རིག་སྟོབས་དང་བརྡ་སྤྲོད་ཤེས་བྱའི་དཀའ་གནད་དང་མི་འཚམ་ལ། བོད་ཡིག་གི་བརྡ་སྤྲོད་ལེགས་པར་སྦྱོང་བ་ལ་གེགས་བར་ཆད་བཟོས་འདུག་གོ

    དེས་ན་འདིའི་དབྱེ་ཚུལ་གསལ་པོར་བཤད་ན། བོད་སྐད་ཚིག་ཕྲད་ལ་གཞན་དབང་དང་རང་དབང་ཅན་གཉིས་སུ་དབྱེ་བའི་གཞི་རྩ་ནི། རྗེས་འཇུག་ལ་བལྟོས་དགོས་དང་མི་དགོས་པ་འདི་ཡིན། ཚིག་ཕྲད་གང་ཞིག་རང་ཉིད་མིང་ཚིག་གི་བར་དུ་ཞུགས་པ་ལ་སྔ་མའི་རྗེས་འཇུག་གི་གཞན་དབང་ལ་ལྟོས་ནས་འཇུག་པ་ལས་རང་དབང་དུ་འཇུག་དུ་མེད་པ། གཞན་དབང་ཅན་གྱི་ཚིག་ཕྲད་ཡིན་དགོས། དཔེར་ན། གོ་སོགས་སླར་བསྡུ་བཅུ་གཅིག སུ་སོགས་ལ་དོན་ལྔ། རང་དབང་ཅན་གྱི་ཚིག་ཕྲད་ནི། ནི་སྒྲ་སོགས་སོ། །

    དེ་ལ་སྤྱིར་ན། ནས་ལས་འབྱུང་ཁུངས་གྱི་སྒྲ་དང་། ཀྱེ་སོགས་འབོད་པ་གསལ་བྱེད་ཀྱི་སྒྲ། ལ་དོན་གྱི་ན་ལ་སོགས། དེ་དག་ངག་ཡིག་ཐོག་ཀུན་ཏུ་རྗེས་འཇུག་ལ་བལྟོས་མེད་ཀྱིས་འཇུག་པས་རང་དབང་ཅན་གྱི་ཕྲད་རྐྱང་ཡིན་ནོ། །

    གོང་གི་བཤད་པ་ལས་གོ་ཐུབ་པ་ལ། གཞན་དབང་ཅན་གྱི་ཚིག་ཕྲད་ནང་རྣམ་དབྱེ་ཡིན་པ་ཡོད་ལ། རྣམ་དབྱེ་མིན་པའང་ཡོད། སྤྱིར་རྣམ་དབྱེ་དང་རང་གཞན་དབང་ཅན་གྱི་ཚིག་ཕྲད་རྣམས་ཕན་ཚུལ་འགལ་བ་མ་ཡིན་ཡང་། རྣམ་དབྱེའི་ཚིག་ཕྲད་ཡིན་ན། གཞན་དབང་ཅན་གྱི་ཚིག་ཕྲད་རྐྱང་མ་ཡིན་དགོས་པས་མི་ཁྱབ། དེར་བརྟེན་ཚིག་ཕྲད་ལ་རྩ་བའི་དབྱེ་བ་གཉིས་སྟེ། རྗེས་འཇུག་གི་ཁྱད་པར་ལ་བལྟོས་པའི་ཕྲད་གཞན་དབང་ཅན་དང་། དེ་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་ཞེས་ཟེར་ན་མི་འགྲིག་གོ །

    ༢ ཚིག་གི་བསྒྲུབ་གཞི་བྱེད་མིན་སྒོ་ནས་དབྱེ་ཚུལ།

    ཚིག་གི་བསྒྲུབ་གཞི་བྱེད་མིན་སྒོ་ནས་དབྱེ་ན། ཚིག་ཕྲད་ལ་རྣམ་དབྱེའི་ཚིག་ཕྲད་དང་། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་གཉིས་སུ་དབྱེ། དེ་གཉིས་ལས་རྣམ་དབྱེའི་ཚིག་ཕྲད་ཅེས་པ་ནི། རྣམ་དབྱེའི་ཁུངས་སུ་རྟོགས་པའི་ཚིག་ཕྲད་དག་སྟེ། དེ་ཡང་འཇུག་ཡུལ་མིང་དང་མིང་གི་བར་དུ་ཞུགས་ཤིང་། དེ་ལྟར་ཞུགས་པས་མིང་རྣམས་ཚིག་ཏུ་བསྒྲུབ་པར་བྱེད། སྐབས་བབ་ཚིག་གི་བསྟན་དོན་ཅི་ཡིན་པ་དེ་ལྟར་དུ་ངེས་པར་བྱེད་པའི་བྱེད་ནུས་ཁྱད་པར་ཅན་གྱི་ཚིག་ཕྲད་ལ་ཟེར། རྣམ་དབྱེའི་ཚིག་ཕྲད་ལ་ཚིག་ཕྲད་གཞན་དང་མི་འདྲ་བའི་ཁྱད་ཆོས་གལ་ཆེན་པོ་གསུམ་ཚང་དགོས་པ་ཡིན་ཏེ། འཇུག་ཡུལ་མིང་དང་མིང་བར་དུ་ཡིན་དགོས་པ་དང་གཅིག དོན་གྱི་ཁྱད་པར་སྟོན་པའི་ཚིག་གི་བསྒྲུབ་གཞི་གལ་ཆེན་བྱེད་དགོས་པ་གཉིས། སྐད་ཆའི་གནས་སྐབས་ན་མེད་དུ་མི་རུང་བ་དང་གསུམ་མོ།

    རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་ནི། རྣམ་དབྱེའི་ཁོངས་སུ་མ་གཏོགས་པའི་ཚིག་ཕྲད་རྣམས་ཏེ། མཚན་གཞི་ལ་སླར་བསྡུ་དང་། ལྷག་བཅས། རྒྱན་སྡུད། འབྱེད་སྡུད། ནི་སྒྲ། དང་སྒྲ་སོགས་སོ། །རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་ཀྱི་འཇུག་ཡུལ་ལ་རྣམ་དབྱེ་རང་བཞིན་ཚིག་ཕྲད་བཞིན་དེ་ལྟའི་ངེས་པ་མེད་པ། མིང་ཚིག་བརྗོད་པ་ཅི་རིགས་ཀྱི་བར་མཐར་ཞུགས་ཆོག རྣམ་དབྱེ་རང་བཞིན་གྱི་ཚིག་ཕྲད་རྣམས་བྱེད་ནུས་ཆེ་ཞིང་སྤྱོད་མཁོ་ཡངས་པ། སྐད་ཆ་ལ་མེད་ན་མེད་དུ་མི་རུང་བ་ཡིན། དཔེར་ན། ང་ཡི་དེབ། ནང་དུ་ལོག་ལྟ་བུར། ང་དེབ། ནང་ལོག་ཅེས་རྣམ་དབྱེ་དེ་དག་ནམ་ཡང་བསྡུ་མི་རུང་བ། བསྡུས་ན་བོད་སྐད་དུ་མི་གྲུབ། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་སྐབས་བབ་ཀྱི་བརྗོད་དོན་གྱི་དགོས་པར་བཞིགས་ནས་བསྡུ་ཆོག དཔེར་ན། ང་ནི་བུ་མོ་ཡིན། ང་བུ་མོ་ཡིན། ཤར་དང་ལྷོ་དང་ནུབ་དང་བྱང་བཅས་ནི་ཕྱོགས་བཞི། ཤར་ལྷོ་ནུབ་བྱང་བཅས་ནི་ཕྱོགས་བཞི། ལྟ་བུའོ། །

    གསུམ་པ། ཚིག་ཕྲད་ཀྱི་གྲུབ་ཆ་མི་འདྲ་བའི་ཁྱད་ཆོས་སྐོར།

    ཚིག་ཕྲད་རང་ངོས་ཀྱི་གྲུབ་ཆ་མི་འདྲ་བའི་སྒོ་ནས། ཚིག་ཕྲད་རྐྱང་མ་དང་། ཕྲད་འདུས་མ་གཉིས་དུ་དབྱེ་ཆོག ཚིག་ཕྲད་རྐྱང་མ་ཞེས་པ་ནི། རང་ཉིད་ཚིག་ཕྲད་ཡིན་པ་གང་ཞིག རང་གྲུབ་བྱེད་ཀྱི་ཚིག་བར་ལ་གྲངས་གཅིག་ལས་མེད་པར་ རྐྱང་པའི་ཚུལ་དུ་གནས་པའི་ཚིག་ཕྲད་ཀྱི་ཚོགས་པ་དག་ལ་ཟེར། དཔེར་ན། ཤར་དུ་འགྲོ་ལྟ་བུའི་དུ་བཞིན་ནོ། །

    ཚིག་ཕྲད་འདུས་མ་ཞེས་པ་ནི། ཕྲད་རྐྱང་མ་གཉིས་སམ་གསུམ་སོགས་དུ་མ་ལྷན་ཅིག་དུ་ཚོགས་ཤིང་འདུས་ནས་གོང་འོག་གི་བརྗོད་དོན་གསལ་བྱེད་གྱུར་པའི་ཚིག་ཕྲད་ཀྱི་ཚོགས་པ་ལ་ཟེར། དཔེར་ན། གལ་ཏེ། སུ་ཞིག གང་ལ། གང་གིས། དེ་ལྟར་ན་ལྟ་བུ་རྣམས་སོ། །

    བཞི་པ། དབྱངས་ཀྱི་ང་རོའི་རྐྱེན་རིགས་མི་འདྲ་བའི་སྒོ་ནས་དབྱེ་ན།

    ཚིག་ཕྲད་ལ་དབྱངས་ཀྱི་ང་རོའི་རྐྱེན་རིགས་མི་འདྲ་བའི་སྒོ་ནས་དབྱེ་ན། དྲང་བའི་ང་རོའི་ཨ་ཡིག་རྐྱེན་ཅན་གྱི་ཕྲད་དང་། བཀུག་པའི་ང་རོ་ཨི་ཡིག་རྐྱེན་ཅན་གྱི་ཕྲད། བསྒྲེང་བའི་ང་རོ་ཨེ་ཡིག་རྐྱེན་ཅན་གྱི་ཕྲད། བསྟོད་པའི་ང་རོ་ཨོ་ཡིག་རྐྱེན་ཅན་གྱི་ཕྲད་བཅས་ང་རོའི་རྣམ་པ་ལྔ་ཡི་ཆ་ཤས་དང་ལྡན་པའི་ཚིག་ཕྲད་ཀྱི་ཚོགས་པ་ལྔ་ཡོད་དོ། ཨི་ཡིག་གི་རྐྱེན་ལ་གི་ཀྱི་གྱི་འི་ཡི་སོགས་ཚིག་ཕྲད་ཉི་ཤུ་དང་། ཨུ་ཡིག་གི་རྐྱེན་ལ་ཏུ་དུ་རུ་སུ་སོགས་ཨུ་ལྡན་བཅུ་གསུམ་དང་། ཨེ་ཡིག་གི་རྐྱེན་ལ་སྟེ་དེ་ཏེ་སོགས་ཨེ་ལྡན་དགུ་དང་། ཨོ་ཡིག་གི་རྐྱེན་ལ་གོ་ངོ་དོ་ནོ་སོགས་ཚིག་ཕྲད་ཉི་ཤུ་དང་། ཨ་ཡིག་གི་རྐྱེན་ལ་པ་བ་མ་སོགས་ལྟ་བུའོ།

    (བོད་ལྗོངས་སློབ་ཆེན་21ལོའི་བོད་སྐད་ཡིག་དགེ་འོས་འཛིན་གྲྭ་དང་པོའི་གནམ་གསལ། 2023ལོའི་བོད་ལྗོངས་སློབ་ཆེན་གྱི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས། རྣམ་གྲངས་ཀྱི་ཨང་གྲངས་ནི་S202310694008ཡིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།