དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ​ཁ་བའི་འདབ་མའི་ཁྲོད་ཀྱི་སེམས་འགྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ནག་ཤོད་ང་རོའི་འཚེར་སྒྲ།   |     སྤེལ་དུས།  2024-02-18

    ལྷབ་ལྷུབ་ཏུ་འབབ་བཞིན་པ་འདི་ནི་སྤྲིན་དཀར་གྱི་འདབ་མ་རེད། འདབ་མ་ཡོད་ཚད་ལ་གཏམ་རྒྱུད་དང་འབྲེལ་བའི་མིང་གི་ཐ་སྙད་རེ་རེ་མཆིས་ནའང་། ཐམས་ཅད་གཅིག་ཏུ་དབང་བ་ནི་མཐོ་སྒང་གི་ཁ་བའི་འདབ་མ་རེད། མཐོན་པོ་སྒང་ན་གནས་པའི་མཐོ་སྒང་གི་ཁ་བའི་འདབ་མ་རེད། ཁ་བ་ནི་གནའ་སྔ་མོ་ཞིག་ནས་ལྷག་བསམ་གྱི་མཚོན་བྱེད་དུ་ངོས་འཛིན་པས། ལྷག་བསམ་ནི་ནམ་ཡང་ཨ་མ་དང་བྲལ་དུ་མེད་པའི་ཨ་མའི་ལྷད་མེད་ཀྱི་རང་མདངས་མཚོན་པར་བྱེད་པའི་གཏན་ཚིགས་ཅིག་དང་མཚུངས། དེ་ནས་བཟུང་ཨ་མ་དང་ཁ་བ་མཉམ་དུ་འཚར་ཞིང་། ཨ་མ་དང་ཁ་བ་མཉམ་དུ་རྒས། ཁ་བ་ཡོད་ན་ཨ་མ་ཡོད་ཅིང་། ཨ་མ་ཡོད་ན་ཁ་བ་ལྟར་དཀར་བའི་ཨ་མའི་དབུ་ཡི་སྐྲ་རྐང་རེ་རེར་བྱམས་བརྩེས་ཁེངས།

    དེ་རིང་ང་རང་ཕ་ཡུལ་དུ་ཡོད་ལ། ཕ་ཡུལ་དུ་ཡང་ཁ་བ་འབབ་བཞིན་མཆིས། མ་གཞི་ངས་ཁ་བ་འབབ་པ་མཐོང་བ་ནི་ཐེངས་དང་པོ་ཞིག་མིན་རུང་། དེ་རིང་འབབ་བཞིན་པའི་ཁ་བ་འདིས་ང་ལ་སེམས་ཚོར་དུ་མ་ཞིག་བསླངས། འདི་ནས་འབབ་བཞིན་པའི་ཁ་བའི་འདབ་མ་རེ་རེ་འདི་ཡང་དགུང་གི་རྟ་བདུན་དབང་པོ་དང་འདྲ་བར་གདོད་མའི་དུས་ནས་མཐོ་སྒང་གི་ས་འཛིན་ཆེན་པོའི་དབུ་ཡི་མགུལ་རྒྱན་དང་འཛིན་མའི་དཀར་གཙང་གི་ན་བཟའ་རུ་བཀླུབས་པའི་ཁ་བ་དེ་རང་ཡིན་ནམ། རྒྱང་ནས་རྒྱང་དུ་འབབ་པ་ནི་ཁ་བ་རེད་འདུག་ལ། ཉེ་ནས་ཉེ་སར་ལྷུང་བཞིན་པ་ནི་ཁ་བ་རེད། གློ་བུར་དུ་ཁ་བའི་འདབ་མ་ཞིག་ངའི་དཔྲལ་བའི་ངོས་སུ་ལྷུངས་པས། དེ་ནི་བཅུ་དྲུག་ལང་ཚོས་བརྒྱན་པའི་འཇོ་སྒེག་གི་བུ་མོ་ཞིག་གིས་འཇམ་མཉེན་གྱི་འོ་ཞིག་བྱས་པ་དང་ཅིས་མི་མཚུངས། དེ་བས་ཁ་བའི་འདབ་མ་རེ་རེ་ས་ལ་ལྷུང་བའི་རྣམ་པ་ནི་སྒྱུ་རྩལ་གྱིས་ཕྱུག་པའི་གར་མཁན་མས་ལུས་ཀྱི་སྟངས་སྟབས་སྣ་ཚོགས་ངོམས་ནས་མཐོ་སྒང་དང་མཐོ་སྒང་གི་མི་རྣམས་ལ་མིག་གི་དགའ་སྟོན་གྲ་རྒྱས་ཤིག་གཤོམ་པ་དང་ཀུན་ནས་མཚུངས།

    ཁ་བའི་སྟེང་དུ་གོམ་པ་མདུན་ནས་མདུན་དུ་སྤོས་ནས་འགྲོ་དུས། ཁ་བ་ལས་བྱུང་བའི་ཧྲིག་ཧྲིག་གི་སྒྲ་དབྱངས་སྙན་མོ་ཞིག་གིས་བྱིས་དུས་ཀྱི་འདས་དོན་དུ་མ་ངའི་སེམས་ཀྱི་ཡོལ་བའི་ངོས་སུ་ཝ་ལེར་འཆར། ལོ་ན་ཆུང་དུས་སུ་ཁ་བའི་སྟེང་དུ་མེ་ཏོག་དང་མེ་ཏོག་གི་ཕྱོགས་སུ་གཤོག་ཟུང་བསྒྱུར་ནས་འཕུར་བཞིན་པའི་ཕྱེ་མ་ལེབ་བྲིས། ད་དུང་ཡང་ང་ཚོས་ཁ་བའི་དབུས་སུ་དབྱངས་གསལ་གྱི་གཟུགས་རིས་བྲིས་རྗེས་གཅིག་གིས་གཅིག་ལ་བསྟོད་པ་ཡང་ཡང་བྱས་པའི་སྣང་བརྙན་དུ་མ་ཡིད་ལ་ཡང་ཡང་འཆར་ཡོང་། ད་ཆ་ཁ་བའི་ཧྲག་སྒྲ་ནི་ང་ལ་མཚོན་ན་སྙན་ཞིང་འཇེབས་པའི་སྙན་ངག་ཅིག་དང་མཚུངས། དེ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་རང་བྱུང་གི་སྙན་ངག་ཅིག་རེད། ཆུ་ཚོད་འགའ་ཤས་རྗེས་ལ། རྟ་བདུན་དབང་པོ་རིམ་བཞིན་སྤྲིན་ཕུང་གི་བང་རིམ་ནས་འཛུམ་འཁྱིལ་ལེར་མཐོ་སྒང་དང་མཐོ་སྒང་གི་ཁ་བའི་སྟེང་དུ་འཕྲོ་དུས། དཀར་ལམ་ལམ་གྱི་འོད་ཟེར་གྱིས་བདག་ལ་དངུལ་དཀར་གྱི་འཇིག་རྟེན་ཞིག་ཏུ་སླེབས་པ་ལྟ་བུའི་ཚོར་སྣང་སྦྱིན། བོད་ཀྱི་གཏམ་དཔེར“གངས་བཞུའི་ཉི་མ་མེ་ལས་དྲོ”ཞེས་པ་ཅིས་མི་བདེན། ཉི་མའི་གཟི་བྱིན་ཁ་བའི་འདབ་མ་རེ་རེར་འཕྲོ་དུས་ལུས་སེམས་གཉིས་ཀ་དྲོ་སྐྱིད་ཀྱིས་ཁེངས།

    ཁ་བ་ནི་དེ་བས་ཀྱང་རེ་ལྟོས་ཤིག་རེད། ལོ་ཆུང་བྱིས་པའི་སེམས་ཁམས་སུ་ཁ་བ་ནི་ནམ་ཡང་གཡའ་དག་པ་ཞིག་ཡིན་པས། སྐབས་དང་སྐབས་སུ་ཁ་བ་དཀར་པོ་གོས་སུ་བཀླུབས་འདོད་ཅིང་། མཚམས་དང་མཚམས་སུ་ཁ་བའི་འདབ་མ་རེ་རེ་ཟས་སུ་བྱ་འདོད། འོན་ཀྱང་ཆེས་དགའ་ཤོས་ཀྱི་བྱ་བ་ནི་སྔར་བཞིན་ལྷད་མེད་ཀྱི་ཁ་བའི་སྟེང་དུ་ལྷད་མེད་པའི་འཛུམ་མདངས་དང་ལྷན་དུ་གངས་ཤུད་གློད་པ་དང་གངས་མི་བཟོ་རྒྱུ་དེ་རེད། མི་རྒན་པ་ཚོའི་ངོས་ནས་བཤད་ཀྱང་ཁ་བ་ནི་སྔར་བཞིན་རེ་ལྟོས་ཤིག་རེད། ཁ་བ་བབས་པས་ལོ་ལེགས་ཡོང་ཞེས་རེ་ལྟོས་དང་སྨོན་ལམ་གྱི་བར་ནས་དེ་ལྟར་ཤོད། ཁ་བ་འབབ་དུས་ང་ཡིས་རེ་ལྟོས་འཆང་ཡུལ་ནི་འཛིན་མའི་ཟུངས་ཁྲག་ཏུ་གྱུར་བའི་ཁ་བའི་འདབ་མ་རེ་རེས་ལང་ཚོའི་དཔལ་གྱིས་ཕྱུག་པའི་དཀར་དམར་མེ་ཏོག་གི་འཛུམ་མདངས་དལ་བ་དལ་བུར་གྲོལ་ན་སྙམ་པ་དེའོ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།