ཡས་བཟེད་ཀྱིས་བརྒྱན་པའི་ལོ་གསར།
སྣང་གསལ།
བོད་མི་རིགས་ནི་རིག་གནས་ཧ་ཅང་གཏིང་ཟབ་པ་ཞིག་ཡིན་པས་བཀྲ་ཤིས་རྟེན་འབྲེལ་སྤྱི་དང་ཡང་སྒོས་སུ་དུས་ཆེན་ཀུན་གྱི་རྒྱལ་པོ་ལྟ་བུའི་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་ནི་རྒྱས་ཤོས་ཤིག་ཡིན་པས་ཁང་པའི་ཕྱི་ནང་ཀུན་ལ་གད་བདར་གཙང་སྦྲ་བྱེད་པ་དང་། སྒོ་ཡོལ་དང་ཤམ་བུ་བརྗེ་བ། དར་ལྕོག་འཛུགས་པ། སྡེར་ཁ་སྒྲིག་པ་སོགས་རྟེན་འབྲེལ་གྱི་མཛད་སྒོའི་རྣམ་གྲངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རེད།
མཛད་སྒོ་དེ་དག་གི་ཕྱི་ནང་བར་གསུམ་དུ་མེད་ཐབས་མེད་པའི་རྟེན་འབྲེལ་གྱི་མཚོན་རྟགས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་མཛེས་རྒྱན་ཞིག་ཡོད་པ་ནི་ལོ་གསར་གྱི་རྟེན་འབྲེལ་དངོས་པོ་ཚང་མའི་ཐོག་ཏུ་ཁྲ་ཆེམ་མེར་གནས་པའི་ཡས་བཟེད་ཁྲ་ཆུང་དེ་དག་ཡིན།
ཡས་བཟེད་ནི་ལོ་གསར་གྱི་རྟེན་འབྲེལ་དངོས་པོ་ཆེ་ཆུང་ཚང་མ་དང་མཛད་སྒོ་རྒྱས་བསྡུས་སྤྱི་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞིང་། དང་ཐོག་ལོ་གསར་གནམ་གང་ཉིན་ཐབ་ཚང་གི་ཀ་གདུང་ལ་ཡས་བཟེད་རྒྱག་པ་མ་ཟད། གྱང་ངོས་སུ་ཡས་བཟེད་ལས་གྲུབ་པའི་གཡུང་དྲུང་དང་། པ་ཊ། ཉི་ཟླ། སྡིག་རའི་གཟུགས་སོགས་འབྲི་བ་དང་། ཕྱིས་སུ་བཀྲ་ཤིས་རྟགས་བརྒྱད་དང་ཕྱེ་མར་འབོ་སོགས་ཀྱང་འབྲི་སྲོལ་འདུག གང་ལྟར་ཁྱིམ་ཚང་གི་ཁོར་ཡུག་ཀུན་ཏུ་ཡས་བཟེད་ཀྱིས་རབ་ཏུ་བརྒྱན་ནས་མཛེས་ཉམས་དོད་ལ་གནའ་ཉམས་ལྡན་པ་དང་རྟེན་འབྲེལ་གྱི་རྣམ་པས་རབ་ཏུ་ཕྱུག་པ་ཞིག་ཆགས་ཀྱི་ཡོད། དེ་དང་ཕྱོགས་མཚུངས་ཕྱེ་མར་འབོ་དང་། སྡེར་ཁ། སྡེར་རྫས་ཚང་མར་ཡས་བཟེད་ཀྱིས་རྒྱན་སྤྲོས་བྱེད་པ་དང་བཀོལ་ཆས་དང་ལྟོ་སྣོད་གནད་ཆེ་བ་དཔེར་ན། ཐབ་དང་། ཇ་མདོང་། ཆུ་ར་མ། ཆང་སྣོད་སོགས་ཚང་མར་ཡས་བཟེད་རྒྱག་དགོས།
ཡས་བཟེད་རྒྱག་རྒྱུ་ནི་ལོ་གསར་གྱི་རྟེན་འབྲེལ་རྣམ་པ་གལ་ཆེན་ཞིག་ཡིན་པས་ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པ་ཆུ་ཕུད་ལེན་སྐབས་ཆུ་བན་ལ་ཡས་བཟེད་རྒྱག་དགོས་པ་མ་ཟད། ཆུ་ལེན་སར་ཡང་ཡས་བཟེད་རྒྱག་དགོས་པས་རྒྱུག་ཆུ་ཡིན་ན་ཆུ་འགྲམ་གྱི་རྡོ་དང་ཀ་ལ་ཡིན་ན་ཐད་ཀར་ཀ་ལར་ཡས་བཟེད་གསུམ་རྒྱག་གི་ཡོད། ལོ་གསར་གྱི་ལྷ་གསོལ་སྐབས་དེ་བས་ཀྱང་བསང་ཁུང་དང་ཆང་ཕུད་ཀྱི་སྣོད་སོགས་ལ་ཡས་བཟེད་རྒྱག་དགོས་པ་མ་ཟད། ལྷ་རྒྱལ་འཐེན་སྐབས་ལྷ་གསོལ་མི་ཚོའི་སྤྱི་གཙུག་ཏུ་ཡང་ཡས་བཟེད་རྒྱག་དགོས། ལྷག་དོན་ལོ་གསར་གྱི་མགྲོན་སྐོར་བྱེད་སྐབས་ཀྱང་ཡས་བཟེད་ཀྱིས་བརྒྱན་པའི་ཆང་ཕོར་བཏེགས་ནས་གསུམ་སྒྲོན་མཉེས་དག་ཞུ་བ་དང་མགྲོན་པོ་ལོག་སྐབས་ཀྱང་གོམས་སྲོལ་མི་འདྲ་བ་ལྟར་སྤྱི་གཙུག་གམ་ཕོ་མོའི་ཕྲག་པ་གཡས་གཡོན་དུ་ཡས་བཟེད་ཀྱིས་བརྒྱན་ནས་ལོག་གི་ཡོད།
བོད་མི་རིགས་ཁྲོད་དུ་ཡས་བཟེད་རྒྱག་སྲོལ་དུས་ནམ་ཞིག་ལ་དར་མིན་མི་ཤེས་ཀྱང་ཡས་བཟེད་ལས་གྲུབ་པའི་ཉི་ཟླ་གཡུང་དྲུང་སོགས་ཀྱི་འབྲི་སྲོལ་ལ་གཞིགས་ན་གདོད་མའི་ཆོས་ལུགས་ཀྱི་དད་མོས་དང་འབྲེལ་བ་དམ་ཟབ་ཡོད་པས་ཡས་བཟེད་རྒྱག་པའི་གོམས་སྲོལ་དེའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ལུགས་བློ་ཡིས་གཞལ་ཐུབ་པ་ཞིག་ཡིན། ཡས་བཟེད་ཀྱི་རྒྱུ་ནི་མར་དང་རྩམ་པ་ཡིན་ལ་ཡས་བཟེད་རྒྱག་སྐབས་རྟེན་འབྲེལ་གྱི་རྒྱས་བསྡུས་དང་རྒྱག་ཡུལ་ཆེ་ཆུང་ལ་གཞིགས་ནས་གསུམ་མམ་ཡང་ན་གཅིག་ཁོ་ན་རྒྱག་སྲོལ་ཡོད། དེ་ཡང་ཆང་བན་དང་ཆང་རྐྱན་སོགས་ལ་ཡས་བཟེད་ཁག་གསུམ་ཙམ་རྒྱག་པ་དང་ཆང་ཕོར་སོགས་ལ་གཅིག་གིས་འཐུས་པ་བྱེད་ཀྱི་ཡོད། རྣམ་ཀུན་ཡས་བཟེད་རྒྱག་སྐབས་རྩམ་པའམ་མར་གང་རུང་ཞིག་མཛུབ་མོ་དང་མཐེ་བོང་གིས་བླངས་ནས་རྒྱག་པ་དང་ཡས་བཟེད་རྒྱས་པོ་རྒྱག་སྐབས་མར་གྱིས་དཀྱིལ་མཐོ་ཙམ་དང་མཐའ་གཉིས་དམའ་ཙམ་བྱས་པའི་ཡས་བཟེད་གསུམ་སྒྲོམ་ཅན་ཡང་རྒྱག་སྲོལ་ཡོད།
ཡས་བཟེད་ནི་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་ཙམ་མ་ཟད། གཉེན་སྒྲིག་རྟེན་འབྲེལ་དང་། འགྲུལ་པ་ཕྱོགས་ཐོན། མགྲོན་པོར་སྣེ་ལེན་ཞུ་བ་སོགས་ལེགས་བྱས་ཀུན་གྱི་སྣ་འདྲེན་ཡིན་ལ། ཡས་བཟེད་ཀྱིས་བོད་མི་རིགས་ཀྱི་ལྷད་མེད་སྨོན་འདུན་མཚོན་ལ་རྟེན་འབྲེལ་གྱི་དོན་སྙིང་དེ་བས་ཟབ་ཏུ་གཏོང་བས་ཡིད་དུ་འོང་བའི་ཡས་བཟེད་ཆུང་ངུ་དེར་ཡང་རྩེའི་སྟེང་གི་ཡས་སྒྲོན་དུ་གསོལ་བ་ནི་དངོས་འབྲེལ་དོན་ལ་གནས་པའི་གཏན་ཚིགས་ཤིག་རང་རེད།
ད་ཆ་ང་ཚོས་ཡས་བཟེད་དང་རྒྱུ་ཆ་མཚུངས་པ་དང་དེའི་ཡན་ལག་ལྟ་བུར་གྱུར་ལ། སྔར་བཞིན་དམངས་སྲོལ་རིག་གནས་ཀྱི་ཡང་སྙིང་དུ་གཏོགས་པའི་དཀར་ཐིག་གི་སྐོར་ནས་ཅུང་ཟད་གླེང་བར་བྱས་ན། དཀར་ཐིག་རྒྱག་སྲོལ་དར་བའི་སྐོར་ལ་ལོ་རྒྱུས་ཡིག་ཆ་ལྟར་ན། རྒྱལ་པོ་གཉའ་ཁྲི་བཙན་པོ་ཁྲི་ལ་མངའ་སྲོལ་སྐབས་བོད་འབངས་རྣམས་ཀྱིས་དགའ་བའི་གླུ་བླངས་པ་དང་ལུང་པའི་ཕུའི་རི་ལྡེབས་ནས་ས་དཀར་དང་། ས་སེར། ས་དམར་བཅས་བླངས་ནས་ས་ལ་རི་མོ་འཐེན་པའི་སྐོར་འཁོད་པ་དང་། དེ་རྗེས་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་ཡང་བཀྲ་ཤིས་རྟེན་འབྲེལ་དུས་སུ་ས་ལ་རི་མོ་བྲིས་པའི་སྐོར་འཁོད་ཡོད་པས་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་དར་བའི་དཀར་ཐིག་གི་ཆེས་རིང་བའི་ལོ་རྒྱུས་མཚོན་ཐུབ། ད་ཆ་དེང་རབས་ཅན་གྱི་འཚོ་བ་སྐྱེལ་བཞིན་པའི་བོད་མི་རིགས་ཀྱི་ཁྲོད་དུ་སྔར་བཞིན་དཀར་ཐིག་འཐེན་སྲོལ་ཡོད་པས་གཉེན་སྒྲིག་རྟེན་འབྲེལ་དང་བཀྲ་ཤིས་པའི་བྱ་བ་སྒྲུབ་ཡུལ་དུ་བཀྲ་ཤིས་རྟགས་བརྒྱད་དང་། ནོར་བུ་མེ་འབར། གཡུང་དྲུང་སོགས་བཀྲ་ཤིས་པའི་རི་མོས་བརྒྱན་པ་མ་ཟད། ལྷག་དོན་གཉེན་སྒྲིག་གི་གྲོལ་བསང་སྐབས་སུ་ཡང་སྐུ་མགྲོན་མང་ཉུང་ལ་གཞིགས་ཏེ་དཀར་ཐིག་སྒོར་མོ་ཞིག་འཐེན་པ་དང་དཀྱིལ་དུ་གཡུང་དྲུང་བྲིས་པའི་མཐའ་འཁོར་དུ་ལོ་འདབ་རབ་ཏུ་རྒྱས་པའི་པདྨ་བཀོད་པ་དང་ཕྱེ་མར་ཆང་ཕུད་སོགས་སྒྲིག་ནས་གྲོལ་བསང་གཟབ་རྒྱས་བཏང་ནས་གཉེན་སྒྲིག་མཐའ་འཁྱོལ་དང་བྱ་བ་ལམ་འགྲོ་ཡོང་བའི་རྟེན་འབྲེལ་གང་ལེགས་སྒྲིག་གི་ཡོད། འོན་ཀྱང་དཀར་ཐིག་འཐེན་སྐབས་རྒྱས་བསྡུས་ཀྱི་དབྱེ་བ་ཡོད་པས་གཟབ་རྒྱས་ཀྱི་དུས་སུ་བཀྲ་ཤིས་རྟགས་བརྒྱད་སོགས་བཀོད་མང་བ་དང་སྤྱིར་བཏང་གི་སྐབས་སུ་གཡུང་དྲུང་དང་པ་ཊ་སོགས་བཀོད་པ་མང་། དེ་མིན་ཕུང་པོ་འདྲེན་སྐབས་ལམ་གཡས་གཡོན་སོགས་ལ་དཀར་ཐིག་འཐེན་སྲོལ་ཡོད་པ་ནི་གཤིན་པོའི་རྣམ་ཤེས་ཀ་ཀོར་མེད་པར་མཐོ་རིས་སུ་སྐྱོད་ཐུབ་པའི་ཤོད་སྲོལ་ཡོད། མདོར་ན། ཡས་བཟེད་དང་དཀར་ཐིག་གཉིས་ནི་བོད་མི་རིགས་ཀྱི་རྟེན་འབྲེལ་གྱི་མཚན་རྟགས་ཁྱད་པར་ཅན་ཞིག་ཡིན་ནོ།
(ཚེ་རིང་གིས་པར་རིས་མཁོ་འདོན་བྱས)