དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཀྲ་ཤིས་ལོ་གསར་དགའ་བ་འབུམ་གྱིས་བསུ།

    སྟོན་གྱི་ལོ་འདབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-10

    བཀྲ་ཤིས་ལྗོན་ཤིང་ལོ་འདབ་སྟུག་པོར་རྒྱས།།

    བཀྲ་ཤིས་འབྲུག་སྒྲ་ལྡིར་ནས་གྲུ་ཆར་བསྙིལ།།

    བཀྲ་ཤིས་ཤིང་འབྲུག་གནམ་ལོ་གསར་ཚེས་ལ།།

    བཀྲ་ཤིས་འགྲོ་དྲུག་བདེ་ཞིང་སྐྱིད་པར་སྨོན།།


    བཀྲ་ཤིས་མཁའ་ལ་འཁོར་ལོ་རྩིབས་བརྒྱད་མཚར།།

    བཀྲ་ཤིས་ས་ལ་པད་མ་འདབ་བརྒྱད་མཛེས།།

    བཀྲ་ཤིས་བར་ན་ཞི་བདེའི་འཇའ་ཚོན་བཀྲ།།

    བཀྲ་ཤིས་ལོ་མོ་ཕྱྭ་དང་གཡང་གིས་བརྒྱན།།


    བཀྲ་ཤིས་ལོ་གསར་དར་དང་ཕྱེ་མས་བསུ།།

    བཀྲ་ཤིས་མི་ཕྱུགས་དགའ་བདེའི་དཔལ་ལ་རོལ།།

    བཀྲ་ཤིས་གཞས་དང་ཞབས་བྲོས་གནམ་ས་གཡོ།།

    བཀྲ་ཤིས་ལོ་གསར་དགའ་བ་འབུམ་གྱིས་བསུ།།


    བཀྲ་ཤིས་ཧི་མ་ལ་ཡས་འཛུམ་མདངས་ཕྱུང་།།

    བཀྲ་ཤིས་ཡར་ཀླུང་གཙང་པོས་གླུ་དབྱངས་ལེན།།

    བཀྲ་ཤིས་ཡུལ་ལ་ལོ་ཡག་འབྲུ་དྲུག་སྨིན།།

    བཀྲ་ཤིས་ལོ་ལ་མངའ་ཐང་རྒྱས་པར་ཤོག །


    བཀྲ་ཤིས་འཆམ་མཐུན་སེ་འབྲུའི་རྡོག་པོ་ལ།།

    བཀྲ་ཤིས་གཡུར་ཟའི་འབྲས་བཟང་སྨིན་གྱུར་ནས།།

    བཀྲ་ཤིས་མི་རིགས་ང་དྲུག་བདེ་ཞིང་སྐྱིད།།

    བཀྲ་ཤིས་ལོ་གསར་དགའ་བ་འབུམ་གྱིས་བསུ།།


    བཀྲ་ཤིས་ཚེ་རིང་རྣམ་དྲུག་གཡས་སུ་འཁྱིལ།།

    བཀྲ་ཤིས་མཐུན་པ་སྤུན་བཞི་གཡོན་དུ་འཁོར།།

    བཀྲ་ཤིས་མངའ་ཐང་ལོངས་སྤྱོད་དབུས་སུ་རྫོགས།།

    བཀྲ་ཤིས་ལོ་གསར་དགའ་བ་འབུམ་གྱིས་བསུ།།


    བཀྲ་ཤིས་ལོ་ལ་གེགས་བར་ཀུན་ཞི་ཞིང་།།

    བཀྲ་ཤིས་འཕྲིན་ལས་དབྱར་གྱི་ཆུ་གཏེར་བཞིན།།

    བཀྲ་ཤིས་སྔར་བས་གོང་དུ་འཕེལ་གྱུར་ནས།།

    བཀྲ་ཤིས་འཕྲིན་བཟང་ཕྱོགས་བཅུར་ཁྱབ་པར་ཤོག །


    བཀྲ་ཤིས་བགྲེས་སོང་ཚེ་རིང་ལོ་བརྒྱ་དང་།།

    བཀྲ་ཤིས་ན་གཞོན་ཚེ་བསོད་དབང་ཐང་འཕེལ།།

    བཀྲ་ཤིས་ལོ་ཆུང་ཤེས་རིག་རྒྱས་པར་ཤོག།

    བཀྲ་ཤིས་བསམ་དོན་ལྷུན་གྱིས་གྲུབ་པར་ཤོག །


    བཀྲ་ཤིས་མེས་རྒྱལ་གསེར་གྱི་བུམ་པ་ལ།།

    བཀྲ་ཤིས་མི་རིགས་འཁོར་ལོ་བཞིན་དུ་འཁོར།།

    བཀྲ་ཤིས་འཆམ་མཐུན་པད་མ་རབ་བཞད་པའི།།

    བཀྲ་ཤིས་དུང་སྒྲ་ཀུན་ལ་ཁྱབ་པར་ཤོག །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།