འབྲུག་ལོར་འབྲུག་གི་སྐོར་བཤད་པ།
ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་འབྲུག་གི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་མཁན་རྩོད་མེད་ཅིག་ཡིན་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་ཡང་འབྲུག་གི་རིག་གནས་དར་ཁྱབ་ཆེན་པོ་ཡོད་པ་རེད། ལོ་སྐོར་བཅུ་གཉིས་ལས་འབྲུག་གི་གནམ་ལོ་ཤར་སྐབས་འབྲུག་གླེང་བ་ནི་སྐབས་སུ་བབ་པ་ཞིག་རེད།
འབྲུག་གི་རིག་གནས་ནི་ས་ཁྱབ་རྡོ་ཁྱབ་ཅིག་ཡིན་པ་དང་འབྲུག་སྐད་ནི་རྒྱུན་དུ་ཐོས་རྒྱུ་ཡོད་པ་ཞིག་རེད། འོན་ཀྱང་གནའ་ནས་ད་བར་འབྲུག་ལ་ངོས་འཛིན་བྱེད་ཕྱོགས་སྣ་ཚོགས་ཡོད་པས། ད་ལྟའང་རྩོད་གཞི་ཅན་གྱི་བརྗོད་དོན་ཞིག་རེད། གནའ་དུས་མི་རྣམས་ཀྱིས་འབྲུག་ནི་སྲོག་ཆགས་ཤིག་ཏུ་ངོས་འཛིན་བྱེད་པ་མ་ཟད། འབྲུག་ལ་ཤྭ་བའི་རྭ་དང་། བ་གླང་གི་རྣ་བ། རྔ་མོང་གི་མགོ རི་བོང་གི་མིག སྦྲུལ་གྱི་མཇིང་པ་དང་མཇུག་མ། ཉའི་ཁྲབ། ཤྭ་བའི་སྦར་མོ། བྱ་གླག་གི་སྡེར་མོ་བཅས་ཡོད་ཅིང་། གནམ་ལ་འཕུར་ཐུབ་པ་དང་། ས་ལ་འཛུལ་ཐུབ་པ། རླུང་དང་ཆར་པ་འབེབས་ཐུབ་པ། གློག་འཁྱུག་པ་སོགས་ཀྱི་ནུས་པ་ལྡན་པའི་གཟུགས་བརྙན་གསོན་ཉམས་ཅན་ཞིག་ཏུ་བཀོད་ཡོད་ལ། སྨན་གཞུང་རྒྱུད་བཞིའི་སྦྱོར་བ་སྨན་གྱི་ལེའུ་ལས་ཀྱང“འབྲུག་རུས་ཀྱིས་རུལ་གཅོད་རྨེན་པ་འདྲུབ”ཅེས་འཁོད་ཡོད་ལ། སྨན་གཞུང་མང་པོའི་ནང་དུ་འབྲུག་རུས་ཀྱི་ཕན་ཡོན་ནུས་པ་དང་བཅས་པ་ཆ་ཚང་བཀོད་ཡོད་པ་མ་ཟད། ད་ལྟའང་ཁྲོག་སྨན་ཚོང་ཁང་མང་པོར་འབྲུག་རུས་ཚོང་མཁན་ཡོད་པ་མ་ཟད། རུས་པ་བརྡབ་ཆག་ཤོར་བ་སོགས་ལ་སྤྱད་དང་སྤྱོད་མུས་ཡིན། དེ་དང་ཕྱོགས་མཚུངས་སྲོག་ཆགས་ཤ་སྟག་ལས་གྲུབ་པའི་ལོ་སྐོར་བཅུ་གཉིས་ཀྱི་ནང་དུའང་འབྲུག་ཚུད་ཡོད་པས། ཕར་བལྟས་ཚེ་འབྲུག་ནི་སྲོག་ཆགས་ཤིག་ཡིན་པ་བསྙོན་དུ་མེད་པ་ལྟར་སྣང་། འོན་ཀྱང་ཚན་རིག་པའི་འགྲེལ་བཤད་ལྟར་ན། བར་སྣང་མཐོངས་སུ་གློག་ཞགས་འཁྱུག་ནས་འབྲུག་གྲགས་བྱེད་ཀྱི་ཆུ་སྤྲིན་འཁོར་བ་དང་སྤྲིན་གྱི་སྟེང་དུ་འཁྱགས་ཟིལ་མང་པོ་ཆགས་ཤིང་། དེ་ནས་སྤྲིན་གྱི་གསེབ་ཏུ་ཚ་ཤུགས་ཐད་ཀར་ཐུག་སྐབས་རྒྱུན་མ་ཆད་པར་གློག་བྱུང་སྟེ་གློག་འཁྱུག་པའི་སྣང་ཚུལ་ཐོན། གློག་འཁྱུག་པའི་བརྒྱུད་རིམ་ནང་གློག་འཁྱུག་སའི་མཁའ་རླུང་གི་དྲོད་ཚད་གློ་བུར་དུ་འཕར་ཏེ་མཁའ་རླུང་ཁྲོད་ཀྱི་ཆུ་རླངས་ཆེར་རྒྱས་ཤིང་། གློག་ལྡན་གྱེས་རྡུལ་དུ་འགྱུར་ཚུལ་ཐོན་པ་དང་། དུས་ཡུན་ཐུང་ངུའི་ནང་མཁའ་རླུང་འཕྲལ་མར་རྒྱས་ཏེ་རླུང་རླབས་ཐོན་ནས་སྒྲ་ཆེན་པོ་གྲགས་ཏེ་འབྲུག་སྐད་བྱུང་། སྤྲིན་གསེབ་ཀྱི་གློག་ཁུར་ནུས་རླབས་ས་ཐོག་གི་གློག་ཁུར་ལ་ཕོག་སྟེ་ས་ཐོག་ཏུ་འཁྱུག་པ་དང་ཐོག་རྒྱག་གི་ཡོད་པར་གྲགས།
འབྲུག་དང་འབྲུག་སྐད་ནི་ཇི་ལྟར་གྲུབ་པ་ཞིག་ཡིན་རུང་འབྲུག་གི་རིག་གནས་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་དུ་རྩ་ཟབ་སྡོང་བརྟན་དུ་གྱུར་བ་མ་ཟད། གནས་བབ་ཀྱང་ཧ་ཅང་མཐོན་པོར་གྱུར་ནས་ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རྒྱལ་པོའི་ཆེས་མཐོའི་མཚོན་རྟགས་ལྟ་བུར་བརྩི་ཡི་ཡོད། དེ་མིན་ལྡེབས་རིས་དང་། གནམ་རྒྱན། རྡོ་སྐས་སོགས་འཛུགས་སྐྲུན་དངོས་པོ་དང་། ཁ་གདན་དང་། ཆ་སྒམ། མཆོད་གཤོམ་སོགས་ནང་ཆས། གོས་དར་དང་། ཕྱུ་པ། སྟོད་གོས་སོགས་གྱོན་པའི་རིགས་སུ་གྱུར་པ་མང་པོར་འབྲུག་རིས་བཀོད་ནས་བརྗིད་ཉམས་དོད་པོ་དང་མཛེས་པོ་ཡོང་ཐབས་བྱེད་ཀྱི་ཡོད་པས། འབྲུག་ནི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་པོའི་ཁྲོད་མཐོ་རྒྱལ་པོ་ནས་དམའ་མི་སེར་དཀྱུས་མ་བར་གྱི་རིག་གནས་འཚོ་བའི་ནང་ཁྱབ་རྒྱ་ཆེ་ཤོས་དང་། ལོ་རྒྱུས་རིང་ཤོས། གསོན་ཉམས་དོད་ཤོས་ཤིག་བཅས་ཡིན་ལ། ལྷག་དོན་རང་རྒྱལ་དུ་འབྲུག་ནི་བཀྲ་ཤིས་པའི་མཚོན་བྱེད་དངོས་པོ་ཞིག་ཡིན་སྟབས། དུས་ཆེན་དང་བཀྲ་ཤིས་པའི་མཛད་སྒོའི་དུས་སུ་འབྲུག་གི་གཟུགས་བརྙན་ཁྱེར་ནས་ཞབས་བྲོ་རྒྱག་སྲོལ་ཡང་དར་ཡོད།
གཞན་ཡང་། འབྲུག་དང་འབྲེལ་བའི་གཏམ་དཔེ་དང་། པར་རིས། གཏམ་རྒྱུད་བཅས་ཧ་ཅང་མང་པོ་ཡོད་པ་མ་ཟད། ནང་དོན་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རེད། མདོར་ན། འབྲུག་ནི་ཀྲུང་ཧྭ་མི་རིགས་དར་རྒྱས་ཀྱི་དཔང་རྟགས་ཤིག་དང་། ཤེས་དཔལ་གྱི་མཚོན་རྟགས་ཤིག མི་རིགས་ཀྱི་སྙིང་སྟོབས་ཤིག་བཅས་ཡིན་ནོ།