དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཀྲ་ཤིས་ལོ་གསར་ལ་ཕུལ་བའི་སྨོན་ཚིག

    མེ་ཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-10

    ཉིས་སྟོང་ཉེར་བཞིའི་གནམ་ལོ་གསར་ཚེས་ལ།།

    ངག་སྙན་སེམས་ཀྱི་དབྱངས་རྟ་གྱེར་དང་ལྷན།།

    སྨོན་ཚིག་ཁ་གཡང་བཟང་པོ་འདི་ནས་སྒྲོག །

    རྟེན་འབྲེལ་ཚིག་གི་མེ་ཏོག་འདི་ནས་གཏོར།།


    དུས་རབས་གསར་པའི་བཀྲ་ཤིས་དུས་བཟང་ཉིན།།

    ཕ་དང་ཨ་ཁུས་སྐྱིད་པའི་དགོད་སྒྲ་སྒྲོག །

    མ་དང་སྲུ་མོས་ལྡེམ་མྱུར་ཞབས་བྲོ་འཁྲབ།།

    བུ་དང་ཚ་བོས་དགའ་བའི་གླུ་དབྱངས་ལེན། །


    ཤར་གྱི་སྐྱ་རེངས་འཛུམ་ཆུང་གྲོལ་དང་ལྷན།།

    དང་པོ་བཀྲ་ཤིས་ཁ་གཡང་འདི་ནས་སྒྲོག །

    བར་དུ་རེ་སྨོན་གསེར་གྱི་འབྲེལ་ཟམ་བཞེངས།།

    གནམ་ལོ་གསར་པའི་རྟེན་འབྲེལ་དེ་ནས་འགྲིག །


    བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

    བགྲེས་སོང་རྒན་རབས་ཚེ་ཐག་རིང་དུ་བསྲིངས། །

    ན་གཞོན་ལང་ཚོའི་འདབ་མ་རབ་ཏུ་རྒྱས།།

    འཚོ་བ་གསར་པའི་འཛུམ་མདངས་གང་སར་བསྐྱིལ། །


    དར་ཟབ་རྒྱན་གོས་གསར་པ་ལུས་ལ་སྤྲས།།

    མངར་གསུམ་ཟས་ཀྱི་སྡེར་ཁ་མཐའ་ནས་སྒྲིག །

    དཀར་གསུམ་འོ་མའི་མཆོད་པ་མཁའ་ལ་འཕངས།།

    ལོ་མོ་གསར་པའི་དགའ་སྟོན་སྐྱིད་ལ་རོལ།།


    ལོ་མོ་གསར་པའི་དུས་བཟང་ཉིན་མོ་ལ།།

    རེ་བ་གསར་པ་ཞིག་གི་དབུ་ཁྱུད་བྲིས།།

    ཕུགས་འདུན་གསར་པ་ཞིག་གི་སྟ་གོན་བྱས།།

    འོད་སྣང་གསར་པ་ཞིག་གི་དྲོ་སྐྱིད་བསུས།།


    རྫོགས་ལྡན་གསར་པའི་བཀྲ་ཤིས་དུས་བཟང་ལ།།

    སྙན་ཚིག་ངག་རིག་པདྨོ་དབྱངས་སུ་དྲངས།།

    ཤིས་ཚིག་བུང་བའི་ཞུ་འཕྲིན་ངག་ལ་གྱེར།།

    བདེ་ལེཌ་སྐྱ་རེངས་གསར་པའི་འོད་སྣང་འཕྲོ།།


    ལོ་མོ་གསར་དུ་འཛུམ་པའི་ནམ་ཟླའི་ཁྲོད།།

    གང་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།།

    ཚེ་རིང་ནད་མེད་བདེ་དགའི་དཔལ་ཤར་ཞིང་།།

    མངའ་ཐང་ལོངས་སྤྱོད་གཏན་དུ་རྒྱས་པར་ཤོག །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།