དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ཡི་ཕ་ཡུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གངས་ཐིགས།   |     སྤེལ་དུས།  2024-02-04

    ཐོག་མའི་ལྟེ་ཁྲག་འཕོ་སའི་གནས་ཀྱི་མཆོག །

    ངུ་ངག་དབྱངས་རྟ་ས་ཆེན་འདི་རུ་གཏོར། །

    ནར་སོན་ལོ་ཟླ་རུམ་པའི་བྱིས་དུས་ཀྱི། །

    དགའ་སྡུག་རི་མོའི་མེ་ཏོག་ས་རུ་བྲིས།།

    སེམས་ཀྱི་རྟེན་ས་སྐྱིད་སྡུག་འཚོ་ས་ཡིན། །

    ང་ཡི་ཕ་ཡུལ་དག་པའི་ཞིང་དེ་རྨད། །


    གཡང་གི་རུ་སྡེ་གཅིག་པའི་ཕུ་ནུའི་སྟོབས། །

    ལས་ཀྱི་སྐྱིད་སྡུག་དཔུང་པ་མཉམ་གཤིབ་ཡིན།

    རྒན་གཞོན་ཚེ་ཐག་རིང་བའི་བསོད་ནམས་དགེ །

    ལས་སྨོན་བཟང་པོས་ཕན་ཚུན་གཅིག་ཏུ་འདུས། །

    མིག་གི་འབྲས་དང་སེམས་ཀྱི་སྙི་ས་ཡིན། །

    ང་ཡི་ཕ་ཡུལ་འཛིན་མའི་མཆོག་གྱུར་ཡིན། །


    ཆུང་སྐྱེས་ན་མཉམ་གྲོགས་ཀྱི་བརྩེ་འདང་བརྟན། །

    ཕན་ཚུན་རྡོག་རྩ་འགྲིལ་བའི་མཐུན་སྒྲིལ་ཟབ། །

    རྒན་བཀུར་གཞོན་གཅེས་སྲོལ་བཟང་རྒྱུད་དུ་མངའ།

    ལྷད་མེད་དྭངས་གཙང་རང་གཤིས་ཀུན་གྱི་རྒྱན། །

    གཞོན་དུས་འཚོ་ས་རྒས་དུས་རྒུད་ས་ཡིན། །

    ང་ཡི་ཕ་ཡུལ་ཉི་ཟླའི་ཞིང་ཁམས་ཡིན། །


    རྣ་བའི་བུ་རམ་འདྲ་བའི་ལོ་རྒྱུས་མཆིས། །

    ཡིད་ཀྱི་གསོས་སྨན་འདྲ་བའི་གཏམ་རྒྱུད་སྙན། །

    སུམ་རྩེན་ཡུལ་ལ་འགྲན་པའི་དག་ཞིང་མཆོག །

    ཕ་ས་ཕ་ཡུལ་སྐྱིད་ཀྱི་ལུང་པ་ཡིན། །

    སྡུག་དུས་འཁེན་ས་སྐྱིད་དུས་འཛུམ་ས་ཡིན། །

    ང་ཡི་ཕ་ཡུལ་གཡང་གི་སྡེ་ལ་བསྟོད། །

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།