ཕ་ཡུལ་གྱི་ཁ་བ།
ཁ་པར་བརྒྱུད་ངས་ཕ་ཡུལ་དུ་ཁ་བ་བབས་པ་མཐོང་། ཕ་ཡུལ་དུ་ཁ་བ་འབབ་པའི་བརྙན་དེ་མཐོང་དུས། རང་དབང་མེད་པར་ཕ་ཡུལ་ལྷག་ཏུ་དྲན། བརྙན་དང་པར་རིས་དེ་དག་རེ་རེ་བཞིན་ལ་ལྟ་དུས། ངས་རང་ཉིད་ནི་གཤོག་ཟུང་ཐོགས་པའི་བྱ་ཞིག་ཡིན་ན་བསམས་བྱུང་། དེ་མ་ཉིད་དུ་གཤོག་རྩལ་ངོམས་ནས་ཕ་ཡུལ་དུ་ལོག་ཐུབ་ན་སྙམ། བྱ་ཞིག་དང་འདྲ་བར་ཕ་ཡུལ་གྱི་ལྗོན་ཤིང་ཐོག་ཏུ་བབས་ནས་གླུ་ཞིག་ལེན་པར་འདོད་བྱུང་། ཧེ་ཧེ། འོན་ཀྱང་དེ་ནི་སྟོང་བསམ་ལས་གཞན་ཅི།
ཕ་ཡུལ་ལགས། ང་ནི་ཁྱེད་ཀྱི་གཙང་ཆུའི་འོ་ཞོ་འཐུང་མཁན་དེ་ཡིན་ལ། ང་ནི་ཁྱེད་ཀྱི་པང་དུ་འཚར་ལོངས་བྱུང་བའི་བུ་ཆུང་བསམ་མེད་དེ་ཡིན། དེ་རིང་ཁྱེད་ཀྱི་དབུ་ལ་དཀར་པོ་དངུལ་གྱི་དབུ་ཞྭ་མནབས་ཤིང་། ས་གཞིར་དངུལ་གྱི་ས་གདན་བཏིང་བ་མཐོང་དུས། བུ་ཆུང་བསམ་མེད་ང་སླར་ཡང་ཁྱེད་ཀྱི་པང་ཁར་ཐེངས་གཅིག་ཉལ་ན་འདོད།
ཁ་བ་འབབ་ཐེངས་ཤིག་གིས་ཕ་ཡུལ་གྱི་རི་ཀླུང་ཐང་གསུམ་ལ་བྱབས་ཁྲུས་དང་བྱི་དོར་ལན་གཅིག་བྱས་པ་འདྲ་ལ། བྱིས་པ་བསམ་མེད་ཚོར་རྩེད་འཇོར་རོལ་སའི་གར་སྟེགས་ཆེན་པོ་ཞིག་བསྐྲུན་པ་དང་ཡང་གཉིས་སུ་མ་མཆིས། ངས་ལྷབ་ལྷུབ་ཏུ་བབས་པའི་ཁ་བའི་ངང་ཚུལ་ལ་ལྟ་བཞིན་དུ། ཕ་ཡུལ་ན་བཞུགས་པའི་སྐྲ་དཀར་དུང་སོ་ཅན་གྱི་བགྲེས་སོང་རྣམས་ཚེ་ཐག་རིང་བ་དང་། གཞོན་ནུ་རྣམས་བློ་རིག་བཀྲ་བ། བྱིས་པ་རྣམས་བདེ་ཐང་ངང་འཚར་བའི་སྨོན་འདུན་ཞུས་ཤིང་། འཛམ་གླིང་གི་ཁྱོན་ལ་ནད་ཡམས་དང་དམག་འཁྲུག་མེད་པར་ཞི་བདེ་ཡོང་བའི་གསོལ་བ་ཡང་རྩེ་གཅིག་ཏུ་བཏབ་པ་ཡིན།
ཕ་ཡུལ་ནི་ང་ཚོ་སྐྱེ་བོ་མི་རེ་ངོ་རེས་གཤོག་ཟུང་བརྐྱངས་ནས་འཕུར་ཡུལ་དང་། གཤོག་ཟུང་ངོམས་ནས་ཕྱིར་ལོག་སའི་གནས་མལ་ཡིན། ཕ་ཡུལ་ནི་རྒྱང་རིང་གི་བུ་ཆུང་ཚོའི་དྲན་གདུང་གི་མིག་ཆུ་བཞུར་ཡུལ་དང་། ཨ་ཐང་ཆད་དུས་རང་སེམས་གསོ་ཡུལ་ཡིན།
ཕ་ཡུལ་ལགས། དེ་རིང་ཁྱེད་ཀྱི་ཕང་བར་མུ་ཏིག་ལྟ་བུའི་ཁ་བ་སྐྱ་ཆིལ་ཆིལ་དུ་འབབ་དུས། བྱིས་དུས་སུ་ཁྱེད་ཀྱི་པང་ཁར་གངས་རྩེད་ལ་རོལ་བའི་འདས་སོང་གི་ལོ་ཟླ་དག་དབང་མེད་དུ་དྲན་ཏེ། ཁྱེད་ཀྱིས་ང་ཚོ་བྱིས་པ་སྣབས་ལུད་ཚོར་གནང་བའི་ལེགས་སྐྱེས་ལ་བཀའ་དྲིན་ཆེ་ཡང་ཡང་ཞུ་འདོད།
ཕ་ཡུལ་ལགས། དོན་དམ་དུ་ངས་ཁྱེད་རང་དྲན་པ་ནི་ངས་ཨ་མ་ཚེ་རིང་ལོ་བརྒྱ་དྲན་པ་དང་གཉིས་སུ་མ་མཆིས།