མི་ཡུལ་ཁམས་ཀྱི་ལྷ་མོ།
བརྒྱད་གཉིས་ལང་ཚོའི་མཉེན་ལྕུག་ལྡེམ་པ་ལ། །
དབང་པོའི་གཞུ་ཡི་དར་གོས་རབ་ཏུ་བཀྲ། །
ཟླ་ཞལ་ཨུཏྤལ་བཞད་པའི་དཀྱིལ་འཁོར་ངོས། །
མ་འདྲེས་སྤྱན་གྱི་རི་དྭགས་མཚན་མ་གཡོ། །
དམར་པོའི་མདངས་ཅན་མཆུ་འགྲོས་འབུར་མའི་ནང་། །
མུ་ཏིག་བསྟར་ལ་བརྒྱུས་འདྲའི་ཚེམས་ཕྲེང་མཛེས། །
སྲབ་འཇམ་ཡངས་པའི་སྟོད་གཡོགས་གཡོ་བའི་འོག །
ཧ་ཅང་རན་པའི་མྱོས་བུམ་ཡིད་དུ་འོང་། །
གླང་པོའི་སྣ་ཞགས་འདྲ་བའི་དཔུང་མགོའི་འོག །
ལྕུག་ཕྲན་ཡ་གའི་ལག་ཟུང་མཉེན་ཅིང་ཁྱུག །
ལྡེམ་ལྡེམ་རྨ་བྱ་གར་ལ་བརྩེན་པ་བཞིན། །
ལང་ཚོའི་འཕེལ་ཁ་དར་བའི་མཛའ་ན་མོ། །
ཧ་རིའི་ལྗོན་པ་འདྲ་བའི་གཟུགས་དབྱིབས་ནི། །
པད་དཀར་གཞོན་ནུ་རླུང་གིས་བདས་པ་བཞིན། །
སྙན་འཇེབས་འཇོལ་མོའི་མགྲིན་རྔ་རྡུང་བ་དེ། །
དབྱངས་ཅན་ཕྱག་སོར་རྒྱུད་མང་དཀྲོལ་བཞིན་སྙན། །
ཡིད་འཕྲོག་ལང་ཚོས་ཕྱུག་པའི་མཛེས་ལྡན་ཁྱོད། །
སུམ་རྩེན་ཡུལ་ནས་ཕེབས་པའི་ལྷ་མོ་ཉིད། །
ལྟ་བས་མི་ངོམས་མཛེས་པའི་གར་སྟབས་དེ། །
འདྲེན་བྱེད་དབང་པོའི་ངོས་སུ་ལམ་ལམ་འཁོར། །
ལས་ངན་ཉ་བས་ཡིད་འཕྲོག་མཐོང་བ་བཞིན། །
བདག་ཡིད་ཁྱོད་ལ་ཕྱོགས་པ་བཟློག་ཐབས་བྲལ། །
འཛམ་གླིང་བུ་མོ་ཁྱུ་ཚོགས་མང་ན་ཡང་། །
མཛེས་ལྡན་ལྷ་མོ་ཁྱོད་མིན་ཡོད་རེ་ཀན། །
དྭངས་གསལ་བདག་ཡིད་མེ་ལོང་གཙང་མའི་ནང་། །
ཁྱོད་གཟུགས་རི་མོའི་མཛེས་སྡུག་ཝ་ལེར་གསལ། །
འཛུམ་དཀར་པད་འདབ་གཡོ་བའི་མཆུ་སྒྲོས་ལས། །
སྙན་ཚིག་དབྱངས་ཀྱིས་ཀུན་ཡིད་འཕྲོག་པར་ངེས། །
མདོར་ན་ཁྱོད་ཉིད་མཐོང་བས་བདག་གི་སེམས། །
དབང་མེད་རླུང་པོས་འཁྱེར་བཞིན་ཁྱོད་ལ་ཕྱོགས། །
གལ་ཏེ་ཁྱོད་དང་འགྲོགས་པའི་སྐབས་མཆིས་ན། །
འཁོར་བར་སྙིང་པོ་ལོན་པའི་དཔའ་གདེང་ཐོབ། །
འཛམ་གླིང་ལས་དབང་ངང་མོའི་འགྲོས་ཚུལ་ལ། །
བདག་ཡིད་ཁྱོད་ལ་ཕྱོགས་བ་བཟློག་ཐབས་བྲལ། །
འཇིག་རྟེན་འདི་གར་མཛེས་མའི་ཐ་སྙད་དག །
ཁྱོད་མིན་གཞན་ལ་འདོགས་སམ་ཡིད་ལ་མེད། །