ཟླ་བ་སྒྲོལ་མ།
ཁྱེད་ཚོས་གཟིགས་ཨེ་བྱུང་།
ཡ་གིའི་སྦྲ་ནག་སྨུག་པོ་དེ།
ཟླ་བ་སྒྲོལ་མའི་གཞིས་ཁྱིམ་རེད།
མ་གིའི་ཁང་ཁྱིམ་གྲུ་བཞི་དེ།
ཟླ་བ་སྒྲོལ་མའི་ཆང་ཁང་རེད།
ནས་ཆང་གི་བཟི་ཁ་བཙན་པས་ཁྱམ་མེ་ཁྱོམ་མེ།
སྒྲོལ་མ་ཡི་ལང་ཚོ་མཛེས་པས་ཟུར་མིག་ལིང་ལིང་།
ཟླ་བ་སྒྲོལ་མ།
དུས་རབས་ཤིག་གི་ཆང་མ་ཡིན་ནམ་གླུ་མ་ཡིན།
ཀ་ར་ལས་ཀྱང་ཞིམ་པའི་ནས་ཆང་འཐུང་ཐེངས་རེར།
ངས་ཁྱེད་ཉིད་ཆང་མ་ཞིག་ཏུ་འཁྲུལ་ནས་ཞབས་དག་བརྒྱབ།
པི་ཝང་ལས་ཀྱང་སྙན་པའི་གསུང་སྐད་ཐོས་ཐེངས་རེར།
ངས་ཁྱེད་ཉིད་གླུ་མ་ཞིག་ཏུ་འཁྲུལ་ནས་འཛུམ་མདངས་བསྟན།
གནའ་སྒྲུང་ལས་འཁྲུངས་པའི་གཏམ་རྒྱུད་རེའི་ཁྲོད་དུ།
ཁྱེད་ནི་དུས་རབས་ཤིག་གི་ཆང་མ་ཞིག
མགུར་གླུ་ནས་ཐོས་པའི་སྙན་ངག་གི་དབུས་ནས།
ཁྱེད་ནི་མི་རབས་ཤིག་གི་གླུ་མ་ཞིག
ཟླ་བ་སྒྲོལ་མ།
མེ་ལོང་ནང་གི་གཟུགས་བརྙན་ཁྱད་མཚར་ཞིག
ལྷ་སྒྲུང་ནང་གི་བུ་མོ་མཛངས་མ་ཞིག
ཟླ་བ་སྒྲོལ་མ།
ཞབས་རྗེས་ཁ་བར་བཞག་རུང་།
ཁ་བ་རླུང་གིས་དེད་པས་རྐང་རྗེས་འཚོལ་ཐབས་མ་བྱུང་།