དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འཇོ་མདའ་པད་མའི་སྙན་རྩོམ་ཁག་བཞི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-21

    ལྷིང་འཇགས་ཀྱི་འཚོ་བ།

    འདས་སོང་བྱ་གཞག་སྨུག་པའི་དཔེ་རུ་འཇོག །

    མ་འོངས་འཚོ་བ་ཆ་མེད་རླུང་ལྟར་སྒོམ། །

    རྙོག་འཛིང་བྱ་བ་སེམས་ཀྱི་ཁུར་པོར་འཛིན། །

    སྟོང་འདང་འདྲ་མིན་རྒྱང་ནས་རྒྱང་དུ་གཡུག །

    སྐྱོ་ངལ་སེམས་ཁྲལ་མར་འབབ་གཙང་བོར་སྐུར། །

    རེ་དོགས་སྤྲོས་འཛིན་ལྷ་ལམ་དབྱིངས་སུ་སྤུར། །

    དྭངས་གཙང་བློ་ཡིས་མཛེས་པའི་འཇིག་རྟེན་སྐྲུན། །

    རྣམ་དག་སེམས་ཀྱིས་ཞི་བའི་དབེན་ས་ཉུལ། །

    ཚེ་སྔོན་བསགས་སྦྱངས་མཐུ་ལས་བྱུང་བ་ཡི། །

    མིག་སྔུན་ལྷིང་འཇགས་འཚོ་བ་ལོངས་སུ་སྤྱོད། །

    ཉི་འོད་འཇམ་པོའི་འོག་ནས་སོས་དལ་ངང་། །

    སྙན་པའི་དབྱངས་རྟ་གནམ་སའི་བར་དུ་འཐེན། །

    མི་ཚེའི་སྐྱིད་ཀྱི་རྒུན་ཆང་རྔུབས་བཞིན་འཚོ། །

    མཚར་སྡུག་ཉམས་ཀྱིས་ཕྱུག་པའི་སྨན་ཆུང་།

    དཀྱེལ་ཡངས་ཡིད་ཀྱི་ནམ་མཁའ་གཡའ་དག་ཅིང་། །

    དམ་ཚིག་ཤེལ་གྱི་བུམ་པ་དཀར་ཞིང་གཙང་། །

    མིག་ཟུང་འཛུམ་པའི་ནང་དུ་འོད་ཐིགས་འབབ། །

    བཅོས་མིན་མིག་མདངས་རེ་རེས་མི་སེམས་འཕྲོག །

    གནག་སྣུམ་སྐྲ་ལོར་དྲི་བཞོན་རླུང་བུ་འཁོར། །

    ཐོད་ཆིངས་སྐྲ་ལོའི་མེ་ཏོག་མཛེས་སྡུག་ངོམས། །

    འཇམ་མཉེན་ཕྱག་གིས་རྒྱུད་གསུམ་པི་ཝང་དཀྲོལ། །

    སྙན་པའི་ངག་གིས་ཐོས་འཛིན་བུ་ག་མྱོས། །

    རྡུལ་བྲལ་མེ་ལོང་ཕྱིས་འདྲའི་བཞིན་རས་མཛེས། །

    མཁུར་ཚོས་ཨུག་ཆོས་མེ་ཏོག་རབ་ཏུ་དམར། །

    སྲབ་འཇམ་མཆུ་སྒྲོས་བུམ་པའི་ཚུགས་ཀ་ཡག །

    བྲང་གཞུང་འོ་འཛིན་ཤེལ་དཀར་ཐད་དུ་འབུར། །

    ལྡེམ་མྱུར་ལུས་ཀྱི་འཁྱུག་འགྲོས་གློག་ལ་འགྲན། །

    མཆོར་སྒེག་གར་གྱི་སྟངས་སྟབས་ཡོངས་སུ་རྫོགས། །

    འབྲོག་མོ།

    མིག་ཟུང་འཛུམ་པའི་མདའ་མོ་སྤྲིན་ལ་ཕྱོགས། །

    མཁའ་མཐའི་སྤྲིན་ལ་སྙིང་གཏམ་ཤབ་ཤུབ་སྨྲ། །

    གོམ་གསུམ་གོམ་པའི་རྡོག་སྣེ་སྤང་ལ་བཞག །

    སྤང་ལྗོངས་གཡུ་ཡི་གཞུང་ནས་རྫི་གླུ་ལེན། །

    འཛུམ་ཆུང་པདྨའི་འདབ་མ་ལྷུག་ལྷུག་གྲོལ། །

    དེ་ལ་ཉི་མའི་འོད་ཀྱིས་བྱིལ་བྱིལ་གནང་། །

    ཞེ་གཙང་སྐུད་པ་གནམ་སའི་བར་དུ་སྦྲེལ། །

    དེ་རུ་འདབ་ཆགས་བྱ་ཡང་འཁོར་བ་བྱེད། །

    བསིལ་འཇམ་རླུང་གིས་ཡང་ཡང་སྒུལ་བ་ཡི། །

    སྐྲ་ལོའི་རྩེ་རུ་མེ་ཏོག་སྙིམ་གང་བཏགས། །

    མེ་ཏོག་དཀར་དམར་ནང་སེམས་འཁྲིལ་ས་བྱེད། །

    བརྩེ་བའི་ཕྲ་རྒྱན་ཟེར་ནས་རང་གིས་བསྙད། །

    ལྷས་ཀྱི་གཡས་ནས་འཇག་མ་རྩྭ་སྐྱ་སྒྲུག །

    ལྷས་ཀྱི་གཡོན་ནས་ནོར་ཁྱུའི་ལྕི་བ་རྒུམ། །

    དགོང་ཞོགས་རེ་ལ་རུ་སྡེའི་ལྷིང་འཇགས་འཚོ། །

    མཚན་ཐུན་རེ་ལ་འབྲོག་ཐང་ལྷས་ར་སྲུང་། །

    འཇམ་མཉེན་ཕྱག་གི་སོར་མོ་སྙིང་ཁར་སྦྱར། །

    འཚེ་མེད་བདེ་བའི་སྨོན་ལམ་ཡང་ཡང་བཏབ། །

    ནང་སེམས་རྒྱ་མཚོ་ཆེན་པོའི་གཏིང་མཐའ་རུ། །

    མ་བཅོས་བརྩེ་བའི་འོད་ཀྱི་དྲོད་ཁོལ་འཁྱིལ། །

    ཐུལ་དཀར་འབྲི་མོའི་འོག་ནས་བགོ་བགོ་ཡི། །

    བཞོ་དབྱངས་སྙན་མོ་རི་ལུང་བར་དུ་འཐེན། །

    བཟང་དྲུག་སྔོ་ལྡུམ་སྨན་སྣ་ལས་བྱུང་བའི། །

    འོ་ཞོ་མངར་མོའི་ཁ་རླངས་དགུང་དུ་མཆོད། །

    སྙན་ངག་པ།

    ཆོ་འཕྲུལ་གྱི་ཚིག་གི་ལམ་ནས།

    སྨིག་རྒྱུའི་འཇིག་རྟེན་རྗེན་པར་ཕུད།

    འཁོར་བའི་རི་ལུང་གསལ་བར་བསྟན།

    བཟློག་ཏུ་མེད་པའི་རྒྱུ་འབྲས་ངོ་སྤྲོད་གནང་།

    གྲོག་མ་ལྟ་བུའི་མི་ཚོགས་ཀྱི་དགའ་སྐྱོ་མོལ།

    ཐོ་ཡོར་ལྟ་བུའི་རང་ཉིད་ཀྱི་མཐོང་སྣང་གླེང་།

    རབ་རིབ་མག་མོག་གི་འདས་དོན་དང་དྲན་གདུང་འཆད།

    མཚར་མཚར་ཡིད་འོང་གི་འབྱུང་འགྱུར་དང་རྨི་ལམ་སྒྲོག

    སྐབས་སྐབས་སུ་སྙན་ཚིག་གི་བརྡ་ཡིག་སྣ་ཚོགས་སྤེལ།

    མཚམས་མཚམས་སུ་ཆོ་མེད་ཀྱི་ཚིག་ཉོག་འདྲ་མིན་སྤུངས།

    རྒྱུན་མི་ཆད་པར་ཐ་སྙད་བརྒྱ་སྟོང་གི་མགོ་གཞུག་སྦྲེལ།

    སྡོད་མི་ཚུགས་པར་དབྱངས་གསལ་གྱི་མུ་ཏིག་སྟར་ལ་བརྒྱུས།

    ཉིན་མཚན་མེད་པར་རྟོག་བཏགས་ཀྱི་ཞིང་ཁམས་ཡང་ཡང་འགྲིམ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།