དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཀ་ཕྲེང་ཀྲུང་ཧྭ་རྒྱལ་གླུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསམ་ཤོད་པ་དཀོན་ཅོག་ཡོན་ཏན།   |     སྤེལ་དུས།  2024-01-07

    ཀ་རུའི་མདངས་ལྡན་ལྷག་བསམ་རྣམ་དག་སྒོས།།

    ཁ་བའི་ལྗོངས་ཀྱི་བསམ་ཤོད་རྒན་པོ་ངས།།

    ག་བཤད་ཚིག་སྙན་སྡེབ་ལེགས་མི་ཤེས་ཀྱང་།།

    ང་ཡི་ཀྲུང་ཧྭ་དར་རྒྱས་གླུ་རུ་ལེན།།

    ཅ་གས་རབ་བསྐྱངས་ང་དྲུག་མི་རིགས་ནི།།

    ཆ་ལུགས་རིག་གནས་ཐ་དད་སོ་སོ་ཡང་།།

    ཇ་དང་མར་གྱི་མཉམ་འདྲེས་གཅིག་མཐུན་ལས།།

    ཉ་གང་ཟླ་བཞིན་འཕེལ་བའི་ཀྲུང་ཧྭ་རྒྱལ།།

    ཏ་ལ་ལ་འདྲའི་གུང་ཁྲན་ཏང་གིས་ནི།

    ཐ་ཆད་དབུལ་ཕོངས་ཕ་མཐར་སྤྱུགས་དང་ལྷན།།

    ད་ལྟའི་འབྱོར་འབྲིང་མངོན་མཐོ་ངེས་ལེགས་དཔལ།།

    ན་རྒས་སྤོ་བོས་མཐོང་དུས་ཀྲུང་ཧྭ་རྒྱལ།།

    པ་ཏྲའི་རིས་བཞིན་རི་སྔོ་ཆུ་དྭངས་ཞེས།།

    ཕ་མེས་དུས་ཀྱི་འཛིན་མའི་ས་འཛིན་ཆེ།།

    བ་གམ་རི་ཚོགས་གསེར་གྱི་ལྷུན་པོ་ནི།།

    མ་བཅོས་ལྷུན་གྲུབ་སྔར་གནས་ཀྲུང་ཧྭ་རྒྱལ།།

    ཙ་ན་ཡིན་ཡང་དེང་གི་ཆབ་དཔལ་རིག།

    ཚ་ཟེར་མེ་ཟླུམ་མཁའ་ལ་འཚེར་བའི་ཚེ།།

    ཛ་ལང་རྨོངས་དད་སྨག་མུན་བཅོམ་དང་ལྷན།།

    ཝ་ལེར་གསལ་མཛད་ཚན་རྩལ་ཀྲུང་ཧྭ་རྒྱལ།།

    ཞ་སྒྲེ་དམུས་ལོང་རྐང་ཞ་ལག་འཐེང་སོགས།།

    ཟ་འདྲེའི་ནད་ཀྱིས་གཙེས་པའི་མི་རྣམས་ཀྱང་།།

    འ་ཆད་འུ་ཐུག་གནས་སུ་གྱར་བའི་ཚེ།།

    ཡ་མཚན་བདེ་བར་བཅོས་པ་ཀྲུང་ཧྭ་རྒྱལ།།

    ར་རྒན་གསེར་བརྫུས་མ་ཡིན་དམངས་དོན་ཆེད།།

    ལ་འུར་གཡུལ་སར་འབྱོར་བའི་བུ་ཕྲུག་དམག །

    ཤ་ཁྲག་སྤུན་ལས་ཟབ་པའི་མཛངས་སྤྱོད་ནི།།

    ས་གསུམ་སྲུང་འཛིན་ལྷ་དམག་ཀྲུང་ཧྭ་རྒྱལ།།

    ཧ་ཅང་བརྗོད་པར་འདོད་པའི་གཏམ་འདི་ཀོ།

    ཨ་མའི་ཨོ་ལོ་བསམ་ཤོད་མིང་ཅན་པས།།

    ཀ་བཞི་གདུང་བརྒྱད་མིན་པའི་ཤག་ཆུང་ནས།།

    ཁ་མཚར་མ་ཡིན་སེམས་ཀྱིས་བླངས་འདི་དགེའོ།།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།