དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སོ་ནམ་ལོ་གསར་ལ་ཕུལ་བའི་སྨོན་ཚིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྫ་ཤུལ་བློ་བཟང་།   |     སྤེལ་དུས།  2024-01-07

    ལྷག་བསམ་འོ་མའི་མཚོ་མོའི་ནང་།།

    དུང་སེམས་སྙན་ངག་འཁྱིལ་བ་བཞིན། །

    རབ་དཀར་ཆུ་ཟླའི་ངོ་གདོང་གིས། །

    དགའ་སྤྲོའི་འཛུམ་རིས་དྭངས་མོ་བྲིས། །

    རབ་གསལ་རི་མོའི་ལོ་ཚིགས་ལ།།

    ལོ་མགོ་རྒྱལ་སྲིད་སྣ་བདུན་བཞག །

    ལོ་གཡང་བཀྲ་ཤིས་མགུར་མ་བླངས།།

    གནམ་ལོ་གསར་པའི་དུས་སྟོན་བསུས། །

    གར་མས་ཟློས་གར་འཁྲབ་པའི་དུས།།

    གཤིས་བཟང་བུ་མོའི་ལང་ཚོ་མཛེས།།

    མཛེས་པའི་སྨོན་ཚིག་རིང་མོ་ཡང་།།

    སྨན་ཆུང་གཞོན་ནུའི་མགུལ་དུ་དཔྱངས། །

    ཉམས་ལ་ཕུན་སུམ་ཚོགས་པའི་ཉམས། །

    གཤིས་ལ་བག་བྲོ་ཡོང་བའི་གཤིས།།

    དགའ་སྟོན་དུས་བཟང་ལོ་གསར་ལ།།

    བསོད་ནམས་ཡར་འགྲོའི་གླུ་ཞིག་ལེན། །

    འཛུམ་གྱི་ཉི་གཞོན་ཚེས་དང་ལྷན།།

    ཡིད་ཀྱི་སྨུག་པ་རང་སར་དེངས།།

    དཔལ་འཛོམས་རོལ་བའི་དུས་སྟོན་ཉིད། །

    བསུ་བའི་སེམས་པ་མངོན་དུ་ཕྱོགས།།

    སྨོན་འདུན་ཞུ་འཕྲིན་དཀར་པོ་ཡིས།།

    ཚེས་གཅིག་ཞོགས་པ་འཛུམ་གྱིས་དྲངས། །

    ཚེས་གཉིས་དགའ་འཛོམས་དགའ་སྟོན་ལ། །

    བསུ་བར་བྲེལ་བའི་སྟ་གོན་བྱས།།

    ཙན་དན་སྨུག་པོའི་ལྕོག་ཙེའི་སྟེང་།།

    གསེར་དངུལ་ཕྲ་མའི་དཀར་ཡོལ་བཞག །

    བདུད་རྩི་འོ་ཇ་དཀར་པོས་བཀང་།།

    ལྷན་འཛོམས་དུས་བཟང་ཉིན་མོར་བཞེས། །

    ཕ་དང་ཁུ་བོའི་དགོད་སྒྲ་སྒྲོག།

    མ་དང་སྲིང་མོས་གླུ་གཞས་ལེན།།

    སྤུན་དང་ནུ་བོས་བྲོ་གར་འཁྲབ།།

    དགའ་འཛོམས་དུས་སྟོན་སྐྱིད་ལ་རོལ།།

    རི་མོའི་དྲྭ་བ་དྲྭ་ཕྱེད་ལས།།

    མུ་ཏིག་ཕྲ་རྒྱན་ཕྲ་མ་ཅན།།

    རྨ་བྱའི་སྒྲོ་མདོངས་མཛེས་པོ་བཞིན།།

    རིན་ཆེན་དར་གོས་བཟང་པོས་བརྒྱན། །

    སྨན་ཆུང་གཟུགས་མཛེས་ཤ་ར་ར།།

    གཞོན་ནུའི་འཛུམ་མདངས་བག་བྲོ་བྲོ།།

    བཞུགས་གྲལ་སྒོར་མོ་འཁྲུག་ཤིག་ཤིག །

    བཀྲ་ཤིས་ལོ་གསར་དགའ་ལྷང་ལྷང་།།

    རླུང་རྟའི་དར་ལྕེ་གཡོ་བའི་དུས།།

    མཚན་སྙན་སྐྱི་བསེར་རླུང་བུ་ལྡང་།།

    སྙན་པའི་སྙན་ཚིག་ཁྲི་འབུམ་གྱིས།།

    མཚན་བཟང་བཀྲ་ཤིས་རྟགས་བརྒྱད་ཕབ། །

    ཤེས་རབ་གློག་གི་འཁྱུག་རྩལ་ལས།།

    ཤེས་བྱའི་ཡོན་ཏན་སྣ་ཚོགས་འཁྲུངས། །

    སྤྱོད་བཟང་ཡོན་ཏན་བྱེ་བའི་མཛོད། །

    འཕྲིན་ལས་དར་བའི་ལོ་གསར་བསུ།།

    ལྷན་འཛོམས་དགྱེས་པའི་ཉིན་བཟང་ཡིན། །

    དགའ་སྟོན་བསུ་བའི་དུས་བཟང་ཡིན། །

    གནམ་ལོ་གསར་པ་སྨོན་ཚིག་གིས།།

    ཡང་ཡང་བསུས་པས་རྟེན་འབྲེལ་ལེགས། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།