དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྙིང་གཏམ་གསེར་གྱི་ཐུར་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བན་ཤུལ་དཔལ་ལོ།   |     སྤེལ་དུས།  2024-01-07

    ཚུར་གསོན་དང་ན་མཉམ་གྲོགས་པོའི་ཚོགས།།

    བུ་ང་ཡི་ཉམས་མྱོང་འབེལ་གཏམ་འདི།།

    གཞན་བློ་ལྡན་སྐྱེ་འགྲོར་ཕན་འདོགས་ཕྱིར།།

    བརྡ་སྙན་ངག་སྨྱུ་གུའི་གར་འདི་བསྒྱུར།།

    དུས་ད་རེས་སྐལ་བཟང་དུས་བཟང་འདིར།།

    བུ་རང་མགོ་ཐོན་པ་བྱ་རྒྱུ་གཙོ།།

    རྗེས་མི་རྟག་གོད་ཆག་བྱུང་དུས་སུ།།

    བློ་འགྱོད་པ་བླུན་པོའི་ངང་ཚུལ་ཡིན།།

    བློ་རིག་པའི་བསླབ་སྦྱངས་ནོར་བུ་ལ།།

    ཚེགས་བརྩོན་འགྲུས་སྦྱོར་བ་མ་ལྷོད་ན།།

    གལ་ཐུག་དུས་མི་ཚེའི་ལམ་སྟོན་ཡིན།།

    རང་ལུས་སྲོག་སྲུང་བའི་ཁྲབ་རྨོག་ཡིན།།

    དགྲ་ཉོན་མོངས་ལ་ཁར་མ་བུད་གོང་།།

    སེམས་འདུལ་སྦྱོང་དགེ་བའི་གྲོགས་བསྟེན་ན།།

    ལས་རླུང་བུ་ངེས་མེད་ལྡང་བའི་དུས།།

    ནང་བསམ་པའི་དོན་གོ་དེ་ཡིས་ཆོད།།

    སོས་དལ་དུས་སྐྱིད་ལ་གཅེས་སྤྲས་བྱོས།།

    ནང་བཟའ་མིར་འགྲིག་མཐུན་ཡོད་ནི་བྱོས།།

    ཟས་ཅི་ཡོད་བག་མེད་ལོངས་སྤྱོད་སྤོངས།།

    གོས་གང་ཡག་གོན་ཤེས་རྒྱན་དུ་སོམས།།

    དྲིན་ཕ་མ་རྒས་རྒྱུ་ཡོད་པ་སོམས།།

    རྒས་སོང་རུང་དགུང་གི་ཉི་ཟླ་ཡིན།།

    ཁྱིམ་བཟའ་མིའི་སྙིང་གཏམ་སེམས་ལ་ཞོག །

    ཚིག་དྲོན་མོས་སེམས་ཁ་གསོ་བར་མཛོད།།

    ལས་ལམ་གྱི་རྩ་བ་བཤེས་གཉེན་ཡིན།།

    དུས་རྟག་ཏུ་བྲལ་མེད་བསྟེན་པར་བྱ།།

    སེམས་སྒོ་གསུམ་དག་པས་སྤྱི་བོར་བཀུར།།

    དྲིན་མ་བརྗེད་རྟག་པར་བཀུར་བསྟི་མཛོད།།

    ལག་སྨྱུག་ཐོགས་བདག་གི་སྙིང་གཏམ་འདི།།

    ཤ་ཚ་བཞིན་རིག་པའི་བུ་ལ་གནང་།།

    དོན་འདི་བཞིན་ལག་ལེན་བརྩམས་པ་ཡིས།།

    རང་གཞན་ཀུན་ལེགས་ལམ་རྙེད་པར་ཤོག །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།