ཕྱོགས་ཡོངས་ནས་གནས་ཚུལ་གསལ་པོ་རྟོགས་པར་བྱས་ཏེ་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་པ།
—— རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ཐེངས་གཉིས་པའི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་བའི་སྐོར།
ཉེ་ཆར། རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ཐེངས་གཉིས་པའི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད། མིག་སྔའི་བར། རང་ལྗོངས་ཀྱི་རིག་གནས་ཐིང་གིས་མ་དངུལ་སྒོར་ཁྲི་210བཏང་ནས་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་སྤེལ་བ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྔ་རྗེས་སུ་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ལ་ཆེད་དོན་གྲོན་དངུལ་ཁྱོན་སྒོར་ཁྲི་559ལྷག་ཙམ་བཏང་ཡོད། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་གྱི་ཁུངས་སྣེ་ཁག་1397ལྷག་ཙམ་འཚོལ་བསྡུ་བྱས་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་927དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་410གསར་དུ་གཏན་འཁེལ་བྱས་ཡོད།
“མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་སྟག་རྩེའི་ཁོངས་གཏོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚང་བཤེར་ཆད་གསབ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། འདི་ལོའི་ཟླ་གསུམ་པ་ནས་བཟུང་། གོང་རིམ་སྡེ་ཚན་གྱི་མཛུབ་ཁྲིད་འོག སྟག་རྩེ་ཆུས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ཐེངས་གཉིས་པའི་ལས་དོན་ཧུར་ཐག་སྤེལ་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གོམ་སྟབས་རྗེས་མར་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་གྱི་རྗེས་མཐུད་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཐོན་ལས་གཞུང་ལས་ཁང་གི་འགན་འཁུར་བ་བསྟན་པ་རྒྱལ་མཚན་གྱིས་བརྗོད།
འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ཐེངས་གཉིས་པའི་ལས་དོན་སྤེལ་ཡོད། ད་ཐེངས་ཡོངས་བཤེར་གྱི་ཁྱབ་རྒྱ་ཆེ་བ་དང་། དུས་ཡུན་རིང་བ། ནང་དོན་ཞིབ་ཚགས་པ་བཅས་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གནས་ཚུལ་སྔར་བས་གསལ་པོར་རྟོགས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ད་ཡོད་གནས་སྟངས་ཁོང་དུ་ཆུད་པ། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་སྤྱི་འབོར་མང་དུ་ཕྱིན་ཡོད། བསྡོམས་རྩིས་ལྟར་ན། མིག་སྔའི་བར་ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བསྡོམས་འབོར་388དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་381ཟིན་ཡོད། ཤུལ་བཞག་དེ་དག་ནི་བསམ་པའི་རྒྱུ་ནོར་ཡིན་པ་མ་ཟད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ཁུངས་རྩ་ཆེན་ཞིག་ཀྱང་རེད།
ད་ཐེངས་ཡོངས་བཤེར་བྱེད་རིང་། ལྷ་ས་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་གྱི་ཁུངས་སྣེ་ཁག་500ལྷག་ཙམ་འཚོལ་བསྡུ་དང་། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་མི་ཐེངས་400ལྷག་ཙམ་ལ་བཅར་འདྲི། རྣམ་གྲངས་ཁག་254ལ་ས་གནས་ས་ཐོག་ཏུ་བརྟག་དཔྱད། ཐོ་འགོད་བརྟག་དཔྱད་དང་ཡོངས་བཤེར་དཔྱད་ཡིག་254ལ་ཕྱོགས་སྡོམ་བཅས་བྱས་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་182དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་161གསར་དུ་ངོས་འཛིན་གཏན་འཁེལ་བྱས་ཡོད། དེའི་ནང་གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་39དང་། རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་143 རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་158བཅས་ཡོད་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ཐེངས་གཉིས་པའི་ལས་དོན་གྱི་དཔྱད་འབྲས་ཁྱབ་བསྒྲགས་ཀྱང་བྱས་ཡོད།
ནག་ཆུ་གྲོང་ཁྱེར་གྱི་ཡོངས་བཤེར་དུས་ཡུན་ཉིན་58ཡིན། ཤང་དང་གྲོང་རྡལ་66དང་། སྲིད་འཛིན་གྲོང་ཚོ་118 རིག་གནས་ས་ཚིགས་57 དགོན་སྡེ་32བཅས་ནས་འདྲ་པར་3964དང་བརྙན་ལམ་གྱི་དཔྱད་ཡིག་818པར་ལེན་བྱས་ཡོད། དེའི་རྨང་གཞིའི་ཐོག་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་གསར་པ་465སྔོག་འདོན་བྱས་ཡོད།
མངའ་རིས་ས་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཁག་67འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི་ནང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་32དང་རྒྱུན་འཛིན་པ་26གསར་དུ་འཚོལ་བསྡུ་བྱས་པ་དང་། 2024ལོའི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་གྱི་གྲོན་དངུལ་སྒོར་ཁྲི་150རེ་ཞུ་དོན་འཁྱོལ་བྱས་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་100དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གསར་དུ་སྔོག་འདོན་བྱ་རྩིས་ཡོད་པ་རེད། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་རང་སྐྱོང་ལྗོངས་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ལ་འོས་སྦྱོར་རེ་ཞུ་བྱེད་པའི་འབྲེལ་ཡོད་ལས་དོན་ལེགས་སྒྲུབ་བྱས་པ་དང་། མངའ་རིས་སྤུ་ཧྲེང་རྫོང་དང་། རྩ་མདའ་རྫོང་། རུ་ཐོག་རྫོང་བཅས་ཀྱི་སྲོལ་རྒྱུན་གླུ་གར་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ནས་ཁྱོན་སྲོལ་རྒྱུན་གླུ་གར་ཁག་1100ལྷག་ཙམ་འཚོལ་བསྡུ་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་ཁག་126ལེགས་སྒྲུབ་རགས་ཙམ་བྱས་པའི་ནང་སྟོངས་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་3ཡོད།
ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཚོ་100ལ་ཡོངས་བཤེར་གཏིང་ཟབ་བྱས་པ་དང་ཁྱོན་རྣམ་གྲངས་142ལ་ཡོངས་བཤེར་བྱས་པའི་ནང་གསར་དུ་སྔོག་འདོན་བྱས་པའི་རྣམ་གྲངས་14དང་། སྟོངས་ལ་ཉེ་བའི་རྣམ་གྲངས་10 འཕྲལ་མར་མྱུར་སྐྱོབ་བྱེད་དགོས་པའི་རྣམ་གྲངས་8བཅས་ཚུད་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་ཡོངས་བཤེར་དང་ཕྱོགས་གཞན་ཞིག་ནས་གཏན་འཁེལ་གྱི་བྱེད་སྟངས་སྤྱད་དེ་ཡོངས་བཤེར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྣམ་གྲངས་202གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་གཏན་འཁེལ་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། བློ་བཟང་རིག་གྲུབ་སོགས་མི་223གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་ཡོད། དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་2022ལོའི་ཟླ་3པ་ནས་བཟུང་། བཀྲ་ཤིས་ལྷུན་པོར་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་བྱས་པ་དང་ཁྱོན་རྣམ་གྲངས་170ལྷག་ཙམ་ལ་ཡོངས་བཤེར་བྱས་པའི་ནང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རྣམ་གྲངས་126མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དང་མི་142མཚོན་བྱེད་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་མ་ཟད། གཞིས་རྩེའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་བཞི་པའི་རྣམ་གྲངས་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོའི་ནང་བཅུག་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་སྨར་ཁམས་རྫོང་དང་། དཔའ་ཤོད་རྫོང་། སྟེང་ཆེན་རྫོང་། མཛོ་སྒང་རྫོང་། བྲག་གཡབ་རྫོང་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་46ལ་ཡོངས་བཤེར་བྱས་ཡོད། དེའི་ནང་གོ་འཇོ་རྫོང་གི་གསར་དུ་སྔོག་འདོན་བྱས་པའི་རྣམ་གྲངས་13དང་བྲག་གཡབ་རྫོང་གི་གསར་དུ་སྔོག་འདོན་བྱས་པའི་རྣམ་གྲངས་5ཚུད་ཡོད།