དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • མི་རིགས་ཀྱི་ཞབས་བྲོ་མུ་མཐུད་རྒྱུན་འཛིན་བྱེད་ཀྱི་ཡིན།

    —— མངོན་མིན་རིག་གནས་ཤུལ་བཞག་གར་གྱི་རྒྱུན་འཛིན་པ་པ་སངས་དངོས་གྲུབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-30

    1981ལོར་སྐྱེས་པའི་པ་སངས་དངོས་གྲུབ་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་འཁོར་ཆགས་གྲོང་ཚོ་ནས་ཡིན། ལོ་ན་ཕྲ་བའི་དུས་སུ་ཁོང་གིས་ཕའི་ས་ནས་གར་སྦྱངས་པ་དང་ད་ཆ་གར་འཁྲབ་ནས་ལོ་30ལྷག་ཙམ་སོང་ཡོད།

    གར་ནི་ཕོ་བྲང་ནང་གི་ཞབས་བྲོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཀྱང་ཡིན་པས། དེར་ངེས་གཏན་འཁེལ་བའི་རོལ་དབྱངས་དང་། གཞས་ཚིག ཞབས་བྲོའི་སྟངས་སྟབས་བཅས་ཡོད་པ་དང་། ཉམས་དོད་ལ་བརྗིད་ཉམས་དང་སྒམ་བརླིང་ལྡན་པར་བརྟེན། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན། མིག་སྔར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གར་ལ་རིགས་18ཡོད་པ་དག་འཁྲབ་སྟོན་པའི་འཁྲབ་ཆས་དང་། སྟངས་སྟབས། གཞས་ཚིག་གི་ནང་དོན། འཁྲབ་ཡུལ་བཅས་མི་འདྲ་བར་གཞིགས་ནས་རིགས་གཉིས་སུ་དབྱེ་བ་སྟེ། དམངས་ཁྲོད་ཀྱི་ཕོ་བྲང་གར་དང་དགོན་པའི་སྨོན་ལམ་འཚོག་སྐབས་ཀྱི་གར་ཞེས་ཁག་གཉིས་ཡོད།

    “ང་རང་ཆུང་དུས་ནས་གར་འཁྲབ་དགའ་པོ་ཡོད། དང་ཐོག་ཕའི་ས་ནས་གར་གྱི་སྟངས་སྟབས་སྦྱངས་པ་དང་། རྗེས་སུ་ཕའི་ཞབས་ཐང་པོ་མེད་པས་སྤོ་བོ་ལགས་ཀྱི་ས་ནས་སྦྱངས་པ་ཡིན། གྲོང་ཚོའི་རྒན་རབས་པ་ཚོའི་ས་ནས་ཀྱང་སྦྱངས་མྱོང་། དེ་ལྟར་བྱས་ནས་རྣ་བར་འཇགས་པ་དང་མིག་ལ་གོམས་པའི་སྐབས་ད་གཟོད་གཞི་ནས་འཁོར་ཆགས་ཀྱི་གར་འཁྲབ་སྟངས་ཤེས་བྱུང”ཞེས་པ་སངས་དངོས་གྲུབ་ཀྱིས་ཁོམ་པ་ཡོད་རིམ་བཞིན་གར་སྦྱངས་ནས་རང་ཉིད་ཀྱི་འཚོ་བའི་སྤྲོ་སྣང་ཆེ་ཤོས་སུ་འགྱུར་བ་བྱ་ཚུལ་ལ་དྲན་གསོ་བྱེད་བཞིན་དུ་བཤད།

    2011ལོར་པ་སངས་དངོས་གྲུབ་ཀྱིས་གྲོང་ཚོའི་གར་གྱི་རུ་ཁག་གི་འགན་འཁུར་ཞིང་། ལོ་ལྟར་གྱི་དུས་ཆེན་དང་བྱེད་སྒོ་གལ་ཆེན་སྐབས། ཁོང་གིས་གར་གྱི་རུ་ཁག་གི་སྣེ་ཁྲིད་ནས་འཁོར་ཆགས་གྲོང་ཚོ་དང་། སྤུ་ཧྲེང་རྫོང་། དེ་བཞིན་ས་ཁུལ་གཞན་ལ་འཁྲབ་སྟོན་བྱེད་པར་སྐྱོད་ཀྱི་ཡོད། པ་སངས་དངོས་གྲུབ་ལ་གར་འཁྲབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། གར་གྱི་སྲོལ་རྒྱུན་གྱི་སྟངས་སྟབས་དང་དེ་བཞིན《དགུང་སངས་མཐོན་པོ》དང་། 《གངས་ཏེ་སེ》 《རྨ་བྱ》 《རྟེན་འབྲེལ་མཉམ་འཛོམས》སོགས་སྲོལ་རྒྱུན་གར་གྱི་འབྱུར་ཁུག་དང་གཞས་ཚིག་ལ་བྱང་ཆུབ་པོ་ཡོད།

    པ་སངས་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་སྤྱི་ཚོགས་རྙིང་པར་གར་ནི་སྐུ་དྲག་གི་སྐྱེས་པ་ཁོ་ནས་རྒྱུན་འཛིན་བྱེད་པ་མ་ཟད། སྐུ་དྲག་གིས་མ་གཏོགས་གར་གྱི་འཁྲབ་སྟོན་མཐོང་རྒྱུ་མེད། ད་ཆ་གར་དེ་འཁོར་ཆགས་གྲོང་ཚོའི་རྒྱུན་གཏན་མང་ཚོགས་ཀྱི་ཁྱིམ་དུ་དར་ནས་གཉེན་སྟོན་དང་། ཁང་གསོལ། འདུ་འཛོམས་ཆེ་རིགས་སོགས་ལ་འཁྲབ་ཀྱི་ཡོད།

    “སྔོན་མ་གྲོང་ཚོའི་ནང་གི་ཁྱིམ་ཚང་ཆེ་མོ་ཁ་ཤས་ཙམ་གྱིས་མ་གཏོགས་གར་ལ་རྒྱུས་མངའ་མེད་པས། ངས་མི་སྔར་ལས་མང་བར་གར་ཤེས་སུ་འཇུག་པ་དང་། གར་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱེད་ཀྱི་ཡིན”ཞེས་པ་སངས་དངོས་གྲུབ་ཀྱིས་གསར་འགོད་པར་བརྗོད་བྱུང་། 2016ལོར་འཁོར་ཆགས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་པ་སངས་དངོས་གྲུབ་ཀྱིས་ཡུལ་མི་སྒྲིག་འཛུགས་བྱས་ནས་འཁོར་ཆགས་གྲོང་ཚོར་དར་བའི་སྲོལ་རྒྱུན་གྱི་ཞབས་བྲོ་སྣ་ཚོགས་ཆ་ལག་ཚང་བའི་སྒོ་ནས་ཐོ་འགོད་དང་སྲུང་སྐྱོང་བྱས་ཤིང་། དུས་ཡུན་ལོ་ལྔ་ཡི་རིང་། བཅར་འདྲི་དང་ཐོ་འགོད་ཀྱི་ལས་དོན་བསྒྲུབས་རྗེས། སྲིད་གྲོས་འཁོར་ཆགས་རྫོང་ཨུ་ལྷན་དང་འཁོར་ཆགས་གྲོང་ཚོ་ཨུ་ལྷན་གྱིས་འཚོལ་བསྡུ་ལེགས་སྒྲིག་བྱས་པའི《འཁོར་ཆགས་ཀྱི་དམངས་སྲོལ་ཕྱོགས་བསྒྲིགས་སྙིང་བཏུས》ཞེས་པ་2012ལོར་དཔེ་སྐྲུན་བྱས། དེབ་དེའི་ནང་ཁོར་ཆགས་གྲོང་ཚོའི་མཛད་སྒོའི་རོལ་དབྱངས་ཀྱི་གཞས་ཚིག་ཕལ་མོ་ཆེ་བསྡུས་ཡོད་པ་མ་ཟད། འཁོར་ཆགས་གྲོང་ཚོར་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་གཞས་ཚིག་དག་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྒྲིགས་ཀྱང་བྱས་ཡོད།

    2022ལོར་པ་སངས་དངོས་གྲུབ་མངའ་རིས་ས་ཁུལ་གྱི་ས་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་ཡོད། ཁོང་གིས“རྒྱུན་འཛིན་པ་ཞིག་གི་ངོས་ནས་མི་རིགས་ཀྱི་སྲོལ་རྒྱུན་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ཡོད”ཅེས་བརྗོད། ལོ་མང་རིང་པ་སངས་དངོས་གྲུབ་ཀྱིས་ན་གཞོན་མི་རབས་ཚོར་རང་མི་རིགས་ཀྱི་རིག་གནས་སློབ་སྦྱོང་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། ཁོང་གིས་སྲོལ་རྒྱུན་གར་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བ་དང་། གྲོང་ཚོར་གར་སློབ་པའི་འོས་འགན་སློབ་ཁྲིད་བྱས་ནས་འཁོར་ཆགས་གྲོང་ཚོའི་གཞོན་ནུ་10ལ་གར་གྱི་སྟངས་སྟབས་དང་། འགྱུར་ཁུག གཞས་ཚིག གོ་རིམ་སོགས་གསོ་སྦྱོང་བྱས་པ་མ་ཟད། ལོ་ལྟར་དུས་བཀག་ནང་ལས་མི་སྒྲིག་འཛུགས་བྱས་ཏེ་གར་འཁྲབ་པ་སོགས་ཀྱི་སྒྱུ་རྩལ་ཐོག་ནས་ཐོ་འགོད་དང་སྲུང་སྐྱོང་གི་ལས་དོན་བསྒྲུབས་ཏེ། རྗེས་མཐུད་ཀྱི་སྲུང་སྐྱོང་རྒྱུན་འཛིན་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།