དུས་རབས་གསར་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་ཐབས་སྐོར་གྱི་བསམ་གཞིག
རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི་ལས་དོན་ནི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྱབ་སྤེལ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། དུས་རབས་གསར་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་པར་སྔོན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། མང་ཚོགས་ཀྱི་དོ་ཁུར་བྱེད་པའི་ལས་དོན་ལ་ལན་ཡག་པོ་འདེབས་པ། མང་ཚོགས་ཀྱི་དཀའ་གནད་དུས་ཐོག་ཏུ་སེལ་བ་བཅས་བྱེད་དགོས། ཏང་གི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་དཔྱད་གཞིར་བཟུང་སྟེ། སྔོན་ཆད་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་དེང་གི་འཕེལ་རྒྱས་ལ་གཞི་བཅོལ་ནས་མ་འོངས་པའི་མདུན་ལྗོངས་ལ་རྒྱང་ལྟ་བྱེད་དགོས། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་སྣང་ཆེན་བྱས་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་ལ་དུས་རབས་ཀྱི་ཁྱད་ཆོས་དང་། གཏིང་ཟབ་པའི་རིགས་པའི་གཞུང་ལུགས་ཀྱི་ཁྱད་ཆོས། གསར་གཏོད་ཀྱི་ཁྱད་ཆོས་བཅས་ལྡན་པར་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཁྲོད་ཡོངས་སུ་ཁྱབ་པར་བྱེད་དགོས།
གཅིག དུས་རབས་གསར་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་པར་ལག་ལེན་གྱི་ཚད་གཞི་ངེས་ཅན་ཞིག་ལྡན་དགོས།
དུས་རབས་ནི་བསམ་བློའི་རྩ་བ་དང་། ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་ཡིན། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དང་དུས་རབས་དབར་གྱི་འབྲེལ་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་ནི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ལེགས་པར་བསྒྲུབ་པའི་གནད་འགག་ཡིན། དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ། ལྟེ་བའི་ལས་འགན་བཅས་ནི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་རྨང་གཞི་ཡིན་པས། དུས་རབས་ཀྱི་འགྱུར་ལྡོག་གསར་པར་དོ་ཁུར་དང་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། མིག་སྔའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་དང་བསྟུན་ནས་སྒྲོག་འགྲེལ་ལས་དོན་ཡག་པོ་སྤེལ་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དུ“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་དབར་གྱི་འགལ་ཟླར་གྱུར་ཡོད”ཅེས་བསྟན་ཡོད། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་གོང་དུ་སྤེལ་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བླང་བྱ་གསར་པ་དང་། ལས་འགན་གསར་པ། འགན་འཁྲི་གསར་པ་བཅས་མང་པོ་བཏོན་ཡོད། དུས་མཚུངས་སུ་ང་ཚོས་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དེ་སྤྱི་ཚོགས་ཀྱི་འགལ་ཟླའི་འགྱུར་ལྡོག་དང་བསྟུན་ནས་འགྱུར་བ་བྱུང་མེད་པ་དང་། འཕེལ་རྒྱས་གཏོང་བ་ནི་སྔར་བཞིན་རང་རྒྱལ་གྱི་ལྟེ་བའི་ལས་འགན་ཡིན་པ་གསལ་པོར་ཤེས་དགོས། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི་ལས་དོན་ཐད་མར་ཁེ་སིི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་དང་། ཏང་ཀྲུང་དབྱང་གི་དགོངས་དོན་དང་སྲིད་ཇུས་གསར་ཤོས། མིག་སྔའི་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་སོགས་གཙོ་གནད་དུ་བཟུང་ནས་སྒྲོག་འགྲེལ་ཁ་གསལ་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོར“ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན”སོགས་གསལ་བཤད་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་དད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས།
གཉིས། དུས་རབས་གསར་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་པར་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློའི་དར་ཆ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་རྩ་བའི་ཁ་ཕྱོགས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་བཅས་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་བསམ་བློའི་སྙིང་བཅུད་ལ་གོ་བ་གཏིང་ཟབ་ལེན་པ་དང་ལྟེ་བའི་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་བསམ་བློ་མང་ཙམ་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་བྱས་ནས་གོ་བ་གཏིང་ཟབ་ལེན་རྒྱུ་མཐའ་འཁྱོངས་དང་དོན་དངོས་དང་ཟུང་འབྲེལ་གྱིས་གོ་དོན་མཐིལ་རྟོགས་ཐུབ་པར་བྱས་ཏེ་ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། སློབ་གསོའི་རང་བཞིན་བཅས་ཟུང་འབྲེལ་དམ་ཟབ་བྱེད་དགོས། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི་ལས་དོན་ནི་ངོ་བོའི་ཐོག་ནས་བཤད་ན། མི་དམངས་མང་ཚོགས་ལ་མ་འོངས་ལམ་སྟོན་གྱི་སློབ་གསོ་སྤེལ་བའི་ཏང་གི་གསར་གཏོད་གཞུང་ལུགས་དྲིལ་བསྒྲགས་བྱེད་པ་ཞིག་རེད། དེར་བརྟེན་ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་དང་མདའ་འཕེན་པར་ཕོ་ཚོད་ཟིན་དགོས་པའི་དཔེ་ལྟར། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་པས་སློབ་སྦྱོང་གཏིང་ཟབ་དང་དགོངས་དོན་གསལ་པོ་མ་ཤེས་ན། ནེ་ཙོའི་འདོན་པ་ཙམ་གྱི་དཔེ་རུ་གྱུར་ནས་སྒྲོག་འགྲེལ་ལས་ཀ་དེ་ཕྱི་ཚུལ་རིང་ལུགས་སུ་གྱུར་ངེས་རེད། དེར་བརྟེན་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་པས་སེམས་ཤུགས་ཡོད་རྒུ་བཏོན་ནས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། མ་རྩོམ་ལ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དུས་རབས་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་། འཛམ་གླིང་གི་དོན་སྙིང་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཏང་སེམས་དང་དམངས་སེམས་གཅིག་ཏུ་འགྲིལ་བའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ནུས་པ་འདོན་སྤེལ་བྱེད་དགོས།
གསུམ། དུས་རབས་གསར་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་པར་རིན་ཐང་གི་ཚད་གཞི་ངེས་ཅན་ཞིག་ལྡན་དགོས།
རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་མཐར་ཐུག་གི་དམིགས་ཡུལ་ནི་ཡ་རབས་ཚུལ་ལྡན་གྱི་མི་ཞིག་བྱེད་པར་ཁྲིད་སྟོན་བྱེད་པ་དེ་ཡིན་ཞིང་། གཙོ་བོ་མིའི་བསམ་བློར་ཞུན་བརྡར་བྱ་རྒྱུ་དེ་ཡིན། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས། མི་དམངས་ནི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་རིན་ཐང་བྱེད་པོ་ཡིན་ལ་དེའི་རིན་ཐང་མངོན་འགྱུར་བྱེད་པའི་ལག་ལེན་བྱེད་པོ་ཡང་ཡིན་པས། ཡང་དག་པའི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཀྱིས་མི་དམངས་ཀྱི་སྣེ་ཁྲིད་ནས་མདུན་དུ་སྐྱོད་དགོས་པ་མ་ཟད། མང་ཚོགས་ཀྱི་དགོས་མཁོ་དང་རེ་འདོད་ཟམ་མི་ཆད་པར་ཤེས་རྟོགས་བྱས་ཏེ་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་དང་། གཞི་རིམ་དུ་ཟབ་ཞུགས། དོན་དངོས་སུ་ཟབ་ཞུགས་བཅས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཟུང་འབྲེལ་བྱས་ཚེ། བསམ་བློའི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཐུབ་ལ་གནད་དོན་དངོས་ཀྱང་ཐག་གཅོད་ཡག་པོ་བྱེད་ཐུབ། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་དང་། དཀའ་གནད། དོགས་གནད་བཅས་ལ་དམིགས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་གཙོ་གནད་ཁ་གསལ་བཟོས་ཏེ“དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ་བ་དང་། དམངས་ཀྱི་རེ་འདོད་རྣམས་ང་ཡིིས་སྐོང་བ”ཞེས་པ་ལྟར། མང་ཚོགས་ཀྱི་དགོས་མཁོ་མི་འདྲ་བར་གཞིགས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་ནང་དོན་དང་བྱེད་སྟངས་གསར་གཏོད་བྱེད་པར་ལུས་ལ་ཚད་འཇལ་ནས་འཚེམ་བུ་རྒྱག་པ་དང་། རིགས་བགོས་ནས་སྲིད་ཇུས་ལག་བསྟར་བྱེད་པ། དམིགས་ས་ཡོད་པ་བཅས་བྱས་ཏེ་འབེན་ལ་ཕོག་པ་དང་། གནད་ལ་འཁེལ་བའི་སྒོ་ནས་གཏམ་རྒྱུད་ཐུང་ཐུང་སྤྱད་དེ་གནས་ལུགས་ཆེན་པོ་མཚོན་པ་བཞིན་མང་ཚོགས་ཉེ་འགྲམ་གྱི་དཔེ་མང་ཙམ་འཇོག་པ། དོན་དངོས་མང་ཙམ་བརྗོད་པ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་རིན་ཐང་ཚད་གཞི་དེ་མང་ཚོགས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་དུ་ཉམས་སུ་མྱོང་བར་ཐོག་མར་རང་ཉིད་ནས་དོན་དངོས་དང་ཟུང་འབྲེལ་གྱིས་རིགས་པའི་གཞུང་ལུགས་ལ་མཐའ་གསལ་མཐིལ་རྟོགས་ཀྱི་གོ་བ་ལེན་པར་ཤུགས་སྣོན་རྒྱག་དགོས།
བཞི། དུས་རབས་གསར་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་པར་གསར་གཏོད་ཀྱི་རང་བཞིན་ངེས་ཅན་ཞིག་ལྡན་དགོས།
གསར་གཏོད་ནི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི་ལས་དོན་ཟམ་མི་ཆད་པར་གོང་དུ་སྤེལ་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན། མིག་སྔར། སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འགྲོགས་ནས། དྲ་སྦྲེལ་དང་གཞི་གྲངས་ཆེན་པོ་འཕེལ་རྒྱས་མགྱོགས་པོ་བྱུང་བ་ལས་མི་རྣམས་ཀྱི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ལ་འགྱུར་བ་འགྲོ་བཞིན་ཡོད་པས། སྲོལ་རྒྱུན་གྱི་དྲིལ་བསྒྲགས་རྣམ་པའི་སྒྲོག་འགྲེལ་བྱ་ཐབས་ནི་ཆ་འཕྲིན་ཅན་གྱི་དུས་རབས་ལ་སྤྱད་ན་འཚམ་པོ་མེད་པ་གསལ་པོ་རེད། དེར་བརྟེན། ངེས་པར་དུ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་ཡིད་དབང་འཕྲོག་ནུས་དང་། མཉམ་འདྲེས་ནུས་པ། འབོད་སྐུལ་བྱེད་ནུས་བཅས་ཆེ་རུ་གཏོང་དགོས་པ་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་ནང་དོན་དང་བྱེད་ཐབས་ལ་གསར་གཏོད་ཀྱི་ཆ་ལྡན་པར་བྱས་ཏེ་དུས་རབས་དང་མི་དམངས་ཀྱི་དགོས་མཁོ་དང་བསྟུན་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་དགོངས་པ་ལྟེ་བའི་ནང་དོན་དུ་བརྩི་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་གོའི་གསུང་སྒྲ་བརྒྱུད་སྤེལ་ཡག་པོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་གསལ་འགྲེལ་ཡག་པོ་བྱེད་པ་བཅས་འགག་རྩའི་ལྷུ་ཚིགས་སུ་བརྩི་བ་དང་། ཏང་གི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ཚན་རིག་གི་སྙིང་སྟོབས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་འདྲེས་མཐའ་འཁྱོངས་བྱེད་པ། བརྗོད་དོན་གཙོ་བོ་དར་སྤེལ་དང་སྣ་མང་རང་བཞིན་ཕན་ཚུན་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་དང་། ཚོགས་སྤྱི་མི་འདྲ་བའི་དགོས་མཁོའི་ཁྱད་ཆོས་ཁོང་དུ་འཁྲུལ་མེད་ཆུད་པར་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་རིགས་དབྱེ་དང་རིམ་དབྱེའི་ངང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་དགོས། མང་ཚོགས་ཀྱི་དགོས་མཁོ་མི་འདྲ་བར་དམིགས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱས་ཏེ་དུས་རབས་གསར་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱི་མི་སེམས་འགུག་ནུས་དང་ཡིད་དབང་འཕྲོག་ནུས་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དངོས་འབྲེལ་མི་སེར་ཚང་མའི་ཁྲོད་དུ་ཁྱབ་པར་བྱེད་དགོས།
(ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭ། མགོན་པོ་ཚེ་བརྟན)