ཨ་མའི་ཕྱག་ཟུང་།
རྩྭ་ཐང་དང་གངས་རི་ལྟ་བུའི།
ངའི་ནང་སེམས་ལ་མཛེས་སྡུག་སྐྲུན་མཁན།
མེ་ཏོག་ལྟ་བུའི་ཨ་མའི་ཕྱག་ཟུང་རེད།
གསལ་བྱེད་སུམ་ཅུ་ལས་གྲུབ་པའི།
སྙིང་གཏམ་གྱི་མེ་ཏོག་ཆུན་པོ་ཞིག་ང་ལ་གནང་སྟེ།
ཁྱེད་ནི་རྩྭ་ཐང་སྲུང་བའི་རྒོད་པོ་ཡིན་ཟེར།
ཆུ་མོ་ལྟ་བུར་བཞུར་བའི་ཀ་ཁའི་རི་མོ་དག
ཐིགས་པ་རེ་རེ་བྱས་ཏེ་ངའི་སེམས་སུ་བསྐྱིལ་འོང་།
ཨ་མའི་ཕྱག་ཟུང་། འཇམ་ཤིག་གེར།
ངའི་སེམས་ལ་བྱིལ་བྱིལ་རེ་གནང་དུས།
མགོ་ལུས་ཡོངས་ལ་མཛེས་སྡུག་གི་འོད་སྣང་རེ་འཁྲུངས།
དབྱར་གཞུང་མང་པོ་འདས་རྗེས་ཀྱི་ནམ་ཟླ་ཧྲིལ་པོར་ཡང་།
གཡས་བརྐྱངས་གཡོན་བསྐུམས་ཀྱི་ལས་ཉོག་མང་པོས་བྲེལ།
དུས་བཞིས་གཙེས་པའི་ཨ་མའི་ཕྱག་ཟུང་།
ད་ལྟའང་། ད་དུང་།
ངའི་ནང་སེམས་ལ་མཛེས་སྡུག་སྐྲུན་མཁན་དེའོ།
བུ་ཕྲུག་ཚོའི་སེམས་ལ་ནེམ་ཤ་སྦྱིན་མཁན་དེའོ།
ཨ་མའི་ཕྱག་ཟུང་།
ངའི་སེམས་པ་གསོ་བའི་འཛུམ་བག
ནམ་ཡང་། ཡལ་བ་མེད་པར་བདག་གི་ཡིད་ཀློང་ན་འཚེར་བཞིན་ཡོད།