ཤ་ཚའི་ཁ་ནས་གཏམ་སྙན་མེད།
ཀ་ཁ་ཡི་གེའི་འབྲི་ཀློག་ཙམ་ཡང་མི་ཤེས་པར། །
ཁ་སྟོང་འཆོལ་གཏམ་གྲངས་མེད་བརྗོད་ལ་རབ་ཏུ་དགའ། །
ག་རུ་ཕྱིན་ཡང་ཀུན་གྱི་ཡིད་རྟོན་ཆ་འཇོག་བྲལ། །
ང་རྒྱལ་སྤངས་ནས་རང་གི་སྐྱོན་ལ་གྲི་དངོ་གཏོད། །
ཅ་ཅོ་འདུ་འཛིར་གཡེངས་ཤིང་བརྩོན་པ་རྒྱང་དུ་དོར། །
ཆ་ལུགས་ཇི་ཙམ་མཛེས་ཀྱང་སྙིང་མེད་གསོབ་དང་མཚུངས། །
ཇ་རྩམ་བཟའ་འཐུང་ཤེས་པ་ཙམ་གྱི་གང་ཟག་ཚོགས། །
ཉ་མོ་ཆུ་ནང་འཁྱུག་འདྲའི་བརྩོན་པ་བསྟེན་ན་དགའ། །
ཏཱ་རེན་གོ་སར་གནས་ཀྱང་བློ་གྲོས་ཐབས་སྣ་དགོས། །
ཐ་གྲུ་འགྲིམས་ཀྱང་རང་ཚུགས་མ་ཉམས་བརྟན་དུ་སྲུངས། །
ད་ཀོ་སྤྱི་སྒེར་ཀུན་ལ་ཕན་པའི་དོན་བཟང་ནི། །
ན་སོ་གཞོན་དུས་ཤེས་ཡོན་མ་འཕྱུགས་སྦྱོང་བ་ལགས། །
པ་པིར་བྱ་བར་བྲེལ་ཡང་དུས་ཀྱི་ཁོམ་པ་འཚོལ། །
ཕ་བཟང་བུ་ཞིག་ཡིན་ན་ད་ནས་ཡོན་ཏན་སྦྱོངས། །
བ་རྒན་བོང་རྒན་བཞིན་གྱི་སྒྱིད་ལུག་སྤངས་ནས་ནི། །
མ་གཡེང་མ་ལྷོད་རིག་གཞུང་རྒྱ་མཚོར་བརྩོན་པས་ཞུགས། །
ཙག་ཙིག་བྱ་བས་དོན་ཆེན་འཕྱུགས་པའི་དཔེ་ནི་མང་། །
ཚ་གདུང་འཇོམས་ལ་གྲིབ་བསིལ་བཞིན་དུ་ཡིད་མུན་ཀུན། །
ཛ་ཡའི་གསུང་རབ་འོད་ཀྱིས་སེལ་བའི་ཐབས་ཤིག་བསྟེན། །
ཝ་འདྲའི་གཡོ་སྒྱུས་རང་གཞན་ཕུང་བས་གཏན་དུ་སྤོངས། །
ཞྭ་གོས་རྒྱན་གྱི་ཕྱི་ཚུལ་ཁོ་ནར་དང་དོད་དང་། །
ཟ་འཐུང་ལོངས་སྤྱོད་འབའ་ཞིག་དོན་དུ་གཉེར་བ་སོགས། །
འ་འུར་འཕྲལ་གྱི་སྙན་དང་གྲགས་པར་མ་ཞེན་པར། །
ཡ་རབས་བཟང་པོའི་ཀུན་སྤྱོད་སྐྱོང་ན་བུ་རབས་ཡིན། །
རང་གིས་ཆ་ཤས་ཤེས་པའི་སྤོབས་པ་གཞན་ལས་ཆེ། །
ལ་རྒྱའི་ཁ་ཕོ་རྔ་གསང་བཞིན་དུ་སྒྲོག་ལ་དཔའ། །
ཤ་ཁྲག་རྒྱས་པའི་ལང་ཚོ་སྒྲོབ་ཉམས་སྟོན་ལ་ཟད། །
ས་སྟེང་ན་གཞོན་ཁེངས་སྐྱུངས་དམ་པའི་རང་བཞིན་སྦྱོངས། །
ཧ་ཅང་བཙན་པའི་ལུང་རྟེན་བྲལ་ཡང་སེམས་གཏམ་ལགས། །
ཧ་ལམ་སྨྲས་ཚད་སྙིང་གཏམ་ཡིན་པས་སེམས་ལ་ཟུངས། །
ཨ་རོགས་ན་ཟླའི་སྙིང་གི་འབེན་ལ་གཟན་ན་ཡང་། །
ཨ་ཙི་གཞན་ཕན་ཀུན་སློང་རྒྱུ་ལས་བསྐྱེད་པ་ལགས། །