དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྙན་ངག་ལ་འཐམས་ཚུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-24

    ཚིག་སྦྱོར་མཆོར་གྱིས་སྤུད་པ་མིག་གི་དཔྱིད། །

    བརྗོད་སྙིང་འབྱམས་སུ་ཀླས་པ་ཀུན་དགའི་དཔལ། །

    ཟབ་གསལ་ཚོར་བས་བརྒྱན་པ་སྙིང་གི་སྤུན། །

    རབ་མཛེས་སྙན་པའི་ངག་ལ་རོགས་ཟླ་མཛོད། །

    འཚོ་བའི་བཤུལ་ལམ་རིང་མོའི་དགའ་སྐྱོ་ཡི། །

    ཆགས་སྡང་འདུ་དགོད་རྩེན་པའི་ཟློས་གར་ལྷན། །

    རང་སེམས་སྟངས་སྟབས་འགྱུར་བའི་བཞིན་བཟང་མ། །

    སྙན་ཚིག་ངག་གི་ལྷ་མོར་དམ་དུ་འཁྱུད། །

    དཀའ་སྡུག་ལམ་འཕྲང་དོག་པོར་སྒུལ་ཤུགས་ཀྱིས། །

    བཟོད་བསྲན་སྟོབས་ཤུགས་སྦྱིན་མཛད་སྙན་ངག་མ། །

    ནམ་ཞར་འཛུམ་པའི་མཆུ་ཡི་སྦྱོར་བ་ནི། །

    བདག་ཡིད་ཀུན་ད་བཞད་པའི་དཔལ་དུ་ཕེབས། །

    མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་སློབ་དཔོན་དྲུང་། །

    ཕྲ་ཞིབ་བློ་རིག་བརྩད་པའི་འདུ་བྱེད་ལས། །

    ཡང་དག་ཡོན་ཏན་ཀུན་གྱི་ལྷ་ལམ་ངོས། །

    རྣམ་སྤྱོད་བཙུན་པས་སྙེགས་པའི་དཔལ་འདི་རྨད། །

    དགེ་སྡིག་རི་མོ་བཀྲ་བའི་འཛིན་མའི་གཞིར། །

    ཟོལ་མེད་བདེན་འཛིན་ཀུན་གཞིའི་སྡོང་པོ་ཆེ། །

    ལྷག་བསམ་ལོ་མ་ལྷུམས་པའི་དཔལ་འདི་དག །

    སྙན་ངག་བཞིན་བཟང་དེ་ཡི་དྲིན་དུ་འཁུམས། །

    ཡང་ཡང་སྙིང་དུ་གབ་པའི་འདོད་ཆགས་ཀྱི། །

    བུ་ཆུང་འཁུན་སྒྲའི་ཟོལ་གྱིས་འདུ་འཛིའི་ཀློང་། །

    བག་མེད་རྣམ་པར་རོལ་བའི་ཚུལ་དག་ཀྱང་། །

    རྣམ་དག་གྲལ་དུ་བཙུད་པའི་གྲོགས་སུ་འོས། །

    གྲགས་སྐམ་མིང་གིས་བསླད་པའི་འདུ་འཛི་དང་། །

    འུད་བརྗོད་ཚིག་གིས་སྤུད་པའི་རྩོམ་གྱི་མཁར། །

    གང་འདོད་སྦྱོར་བའི་རྣམ་ཤེས་སྩོལ་མཁན་ཏེ། །

    སྙན་ངག་ཡོངས་འདུའི་ཤིང་འདི་སྨན་པའི་ཟླ། །

    ཚིག་མཚར་སྐེད་མེད་རྒྱུ་བའི་ན་སྤང་ངོས། །

    དོན་བརྗིད་གྱད་མི་འགྱིང་བའི་སྤོབས་ཉམས་སོགས། །

    ངོམས་མེད་སྤོབས་པ་སྩོལ་བའི་དེད་དཔོན་ཏེ། །

    སྙན་ངག་རྒྱན་གྱི་ཉམས་འདི་ནམ་ཡང་འཕགས། །

    རབ་མཛེས་ཚིག་ནི་འཇའ་ཚོན་རྗེས་སུ་འགྲན། །

    རབ་སྙན་དོན་ལ་སེང་གེའི་ངང་ཚུལ་བཞིན། །

    རབ་བརྗིད་ཚོར་བ་སྟག་མོའི་གཟུགས་རིས་ཏེ། །

    སྙན་ངག་ལྷ་མོ་ཡིད་ཀྱི་མཁའ་ན་འཚེར། །

    ཟང་ཟིང་རྒྱ་གྲོང་མྱུལ་བའི་རྩོམ་ཉོག་ལ། །

    བདེན་རྫུན་གོམ་ཁ་འཁྱོར་བའི་དཔྱད་བརྗོད་ཀྱིས། །

    སྙན་ངག་མཁན་པོའི་མཆོར་གོས་བཀླུབས་མཁན་ཡང་། །

    སྙན་ངག་དགའ་མ་ཉིད་ལས་གཞན་དུ་ཅི། །

    ཡང་ལྕིའི་འདུ་ཤེས་འདེགས་པའི་རྒྱ་སྲང་སྟེང་། །

    བདེན་རྫུན་ངོ་རིས་གསལ་བའི་སྣག་ཤོག་ངོས། །

    དགག་སྒྲུབ་ཚིག་ཞགས་བཀོན་པའི་བར་སྐབས་སུ། །

    སྙན་ངག་སྦྱོར་བའི་དེད་དཔོན་རྫིག་ཉམས་ལྡན། །

    དན་ཌིའི་ངག་སྦྱོར་རྩལ་ལག་འགྲན་བཟོད་པའི། །

    སྙན་ངག་འཕྲུལ་གྱི་མེ་ལོང་བཞིན་བཟང་མ། །

    རིམ་བརྒྱུད་སྙན་ངག་མཁན་པོའི་བློ་གྲོས་ཀྱང་། །

    སྙན་ངག་རིན་ཆེན་ནོར་འདིའི་འོད་ཀྱིས་རྒྱས། །

    རིག་པ་ནངས་པར་འཆི་ཡང་སློབ་དགོས་ཏེ། །

    ནམ་འཆི་ཆ་མེད་འཁོར་བའི་བཞི་མདོ་ན། །

    སྙན་ཚིག་བདུད་རྩིའི་ཆར་གྱིས་གསོས་པ་ཡི། །

    སྟོབས་ལྡན་ཚིག་འབྲུའི་མེ་ཏོག་འཛུམ་བརྒྱ་རྒོད། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།