དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • རྒྱལ་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར་ཉི་ཤར་གྱིས་བརྗོད་དོན།

    རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་ནས་མེས་པོའི་བློ་གྲོས་མཉམ་སྤྱོད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-23

    འདི་ནི་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་གནའ་དཔེ་སྲུང་སྐྱོང་པུའི་ཀྲུའུ་རེན་ཉི་ཤར་གྱིས་གནའ་དཔེར་ཞིབ་འཇུག་བྱེད་བཞིན་པ།

    གནའ་དཔེ་ནི་ལོ་རྒྱུས་ཀྱི་དཔང་རྟགས་དང་ཤེས་དཔལ་གྱི་ཟིན་ཐོ་ཞིག་ཡིན་ལ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད།

    ལོ་རྒྱུས་ཀྱི་འཁོར་ལོ་མདུན་ཕྱོགས་སུ་འཁོར་བཞིན་ཡོད་པ་དང་། ད་ཆ་ཤེས་ལྡན་པ་མང་དག་ཅིག་གནའ་དཔེ་སྲུང་སྐྱོང་གི་ལས་ལ་ཞུགས་ཏེ་གནའ་དཔེ་ཡོངས་བཤེར་ནས་མྱུར་སྐྱོབ་དང་སྲུང་སྐྱོང་བར་དང་གནའ་དཔེ་ཉམས་གསོ་ནས་གྲངས་འཛིན་ཅན་འཛུགས་སྐྱོང་བར། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བཞིན་པའི་ཁོང་ཚོའི་གཟུགས་བརྙན་གནའ་དཔེའི་ཤོག་ལྷེ་རེ་རེའི་ཁྲོད་ནས་མངོན་བཞིན་ཡོད་ལ། ཁོང་ཚོས་གནའ་དཔེ་སྲུང་སྐྱོང་ལ་བློ་རྩེ་གཅིག་ཏུ་གཞོལ་བ་དང་རབ་ཏུ་འཕེལ་བའི་སྤྲོ་སེམས་དེ་གནའ་དཔེར་ཐོབ་པའི་གྲུབ་འབྲས་ཁྲོད་ནས་མངོན་བཞིན་མཆིས།

    ཟླ་8པའི་ཟླ་མཇུག་གི་ཉིན་ཞིག་ལ་གསར་འགོད་པ་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་སྐྱོད་སྐབས་ལས་བྲེལ་ཆེ་བའི་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་གནའ་དཔེ་སྲུང་སྐྱོང་པུའི་ཀྲུའུ་རེན་ཉི་ཤར་འཕྲད་བྱུང་། ཁོང་གིས“ཤོག་བུ་འདི་དག་ཚང་མ་རིག་དངོས་ཡིན་པས། ཤོག་བུ་མཐོང་རྒྱུ་ཡོད་ན་རིག་གནས་གནས་ཡོད”ཅེས་བརྗོད་བྱུང་། ཉི་ཤར་གྱིས་གནའ་དཔེ་སྲུང་སྐྱོང་ལས་ལ་གཞོལ་ནས་ལོ་15ཏག་ཏག་སོང་ཡོད།

    2008ལོར་ཉི་ཤར་སློབ་གསོའི་ཁོངས་གཏོགས་ནས་རིག་གནས་ཐོན་ལས་ཞིབ་འཇུག་ཚན་པར་ལས་སྒྱུར་བྱས་པ་དང་འབྲེལ་གནའ་དཔེའི་ཚད་ལྡན་ཡིག་ཆ་དང་། ཐང་ག་དང་འཇིམ་སྐུ། ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆ་སོགས་ཀྱི་དཀར་ཆག་བསྒྲིགས་པ་དང་། ཡིག་ཚགས་བཟོ་བ། ཞིབ་འཇུག གསལ་འབྱེད་བཅས་ཀྱི་ལས་དོན་སྤེལ་འགོ་ཚུགས། 2011ལོར་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་དངོས་སུ་བཙུགས་པ་དང་། དེའི་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པའི་ཉི་ཤར་གྱིས་ལས་རོགས་གཞན་དག་དང་མཉམ་དུ་བོད་ཀྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་དང་། མྱུར་སྐྱོབ་སྲུང་སྐྱོང་། སྔོག་འདོན་ལེགས་སྒྲིག པར་སྐྲུན་ཞིབ་འཇུག དྲིལ་བསྒྲགས་ཁྱབ་གདལ་སོགས་ཀྱི་ལས་དོན་ལ་སེམས་ནུས་ཡོད་རྒུ་བཏོན་ཡོད།

    “བོད་ཀྱི་གནའ་དཔེ་མང་ཆེ་བ་དགོན་སྡེར་ཡོད་པ་དང་རང་ལྗོངས་ཀྱི་ས་རྒྱ་ཤིན་ཏུ་ཆེ་བས། གནའ་དཔེ་ཡོངས་བཤེར་ལས་དོན་ནི་དཀའ་ཚེགས་ཆེ་ལ་ཉེན་ཁ་ཡང་ཆེ་བ་ཞིག་ཡོད་ཅེས་བརྗོད་ཆོག” གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་གནའ་དཔེ་ཡོངས་བཤེར་གྱི་ཆེད་ལས་མི་སྣ་དཀོན་པས་ཉི་ཤར་དང་ལས་རོགས་ཚོ་རྟག་ཏུ་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡི་གནའ་དཔེ་ཉར་ཚགས་ཚན་པ་དང་མི་སྒེར་གྱི་ཉར་ཚགས་དུད་ཚང་མང་པོར་གནའ་དཔེ་ཡོངས་བཤེར་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་སྤེལ་བར་སྐྱོད་དགོས་ཀྱི་ཡོད།

    “ང་གནའ་དཔེ་སྲུང་སྐྱོང་གི་ལས་ཀ་འདིར་ཧ་ཅང་དགའ་པོ་ཡོད། དེར་བརྟེན་ལམ་ཐག་ཇི་ཙམ་རིང་བ་དང་ཆ་རྐྱེན་ཇི་ཙམ་ཞན་ཡང་ཕྱིར་བཤོལ་རྒྱག་མྱོང་མེད། ལས་ཀའི་བརྒྱུད་རིམ་ནང་ང་རང་ནོར་བུའི་བང་མཛོད་དུ་སླེབས་ནས་བློ་གྲོས་ཀྱི་ཉིང་བཅུད་ཟམ་མི་ཆད་པར་བསྡུ་ལེན་བྱས་ཏེ་རང་ཉིད་ཡར་རྒྱས་འགྲོ་བའི་སྣང་བ་ཡོང་གི་འདུག་པས་སྤྲོ་བ་རབ་ཏུ་འཕེལ་གྱི་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།

    2014ལོའི་ཟླ་10པར་རིག་གནས་པུས་ཉི་ཤར་ལ“རྒྱལ་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་དང་། ཁོང་གནས་སའི་ཁོའོ་དང་ཁང“རྒྱལ་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པར”བདམས་པ་མ་ཟད། ཉི་ཤར་གནའ་དཔེ་སྲུང་སྐྱོང་པུའི་ཀྲུའུ་རེན་གཞོན་པར་ཡང་བསྐོས་པ་རེད།

    ལོ་དེ་དག་རིང་གནའ་དཔེ་ཡོངས་བཤེར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྐོར་གླེང་སྐབས་ཉི་ཤར་གྱིས་སྤོབས་སེམས་ཆེན་པོས“ང་ཚོའི་མི་རབས་འདིར་ངལ་རྩོལ་ནུས་ཤུགས་དཀོན་པ་དང་མ་དངུལ་མི་འདང་ཡང་སྔར་བཞིན་ལས་དོན་མང་པོ་སྤེལ་ནས་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་ཡོད”ཅེས་བཤད།

    བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང(བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས)(གཤམ་དུ“གནའ་དཔེ་སྲུང་སྐྱོང་ལྟེ་གནས”ཞེས་བསྡུ་རྒྱུ)ལ་ཉར་ཚགས་བྱས་པའི་བོད་ཡིག་གི་གནའ་དཔེའི་ཚད་ལྡན་ཡིག་ཆ་ཁྲི་1.5ལྷག་ཙམ་ཡོད་པའི་ནང་གནའ་དཔེ་40《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ནང་ཚུད་ཡོད།

    དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གནའ་དཔེ“ཉར་ཚགས”དང“བེད་སྤྱོད”དོ་མཉམ་ཡོང་བར་བྱེད་དགོས་ན། ཐབས་ཤེས་ཡག་ཤོས་ནི་གནའ་དཔེ་གྲངས་འཛིན་དུ་འགྱུར་བར་བྱེད་རྒྱུ་དེ་རེད། 2017ལོ་ནས་བཟུང་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ཉར་ཚགས་བྱས་པའི་རྩ་ཆེའི་གནའ་དཔེའི་ཚད་ལྡན་ཡིག་ཆ་གྲངས་འཛིན་དུ་འགྱུར་བའི་ལས་དོན་འཚོལ་ཞིབ་ཧུར་ཐག་བྱས་ནས་མ་དངུལ་བརྩོན་ལེན་བྱས་ཏེ་གནའ་དཔེ་གྲངས་འཛིན་དུ་འགྱུར་བའི་ལས་དོན་ཁག་578ལེགས་སྒྲུབ་བྱས་པ་དང་འབྲེལ་གཅིག་རྗེས་གཉིས་མཐུད་ངང་རྒྱ་ཆེའི་ཀློག་པ་པོར་རིན་མེད་ངང་སྒོ་མོ་ཕྱེ་ཡོད།

    གཞན་ཡང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་རིག་གཞུང་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་ཤིང་། འདི་ལོའི་ཟླ་བརྒྱད་པར་ཉི་ཤར་གྱི《གསོ་རིག་རྒྱུད་བཞིའི་མུ་འབྲེལ་སྨན་ཐང་ལྷ་རིས་པ་སུ་ཡིན་སྐོར་དཔྱད་པ》དང་ཞིབ་འཇུག་པ་པད་བཀྲ་ཡི《བོད་ཀྱི་དགོན་སྡེའི་རིག་དངོས་རྩིས་སྤྲོད་གསལ་ཐོའི་ཚད་ལྡན་ཡིག་ཆར་དཔྱད་པ》ཞེས་པའི་རིག་གཞུང་དཔྱད་རྩོམ་གཉིས“པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བདུན་པའི”ནང་ཚུད་པ་དང་འབྲེལ་རང་སོ་སོའི་ཆེད་ལས་ཚོགས་ཆུང་དུ་སྤེལ་རེས་གཏམ་བཤད་བྱས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།

    ཉེ་ཆར་ཉི་ཤར་གྱིས་གཙོ་སྐྱོང་བྱས་པའི་འགྲེམས་ཁང་རིམ་པའི་ཞིབ་འཇུག་བྱ་གཞི《བོད་ཤོག་གི་ད་ཡོད་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ》བདེ་བླག་ངང་ལེགས་སྒྲུབ་བྱུང་བ་དེས་རྒྱལ་ཡོངས་ཀྱི་བོད་ཡིག་གནའ་དཔེ་ཉམས་གསོའི་རྒྱུ་ཆ་འདེམས་དཀའ་བ་དང་མངགས་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ལ་དཔྱད་གཞིའི་ཇུས་གཞི་མཁོ་འདོན་བྱས་ཡོད།

    གནའ་དཔེ་སྲུང་སྐྱོང་ཁྱབ་ཁོངས་སུ་ལས་ཀ་ལོ་15བྱས་པའི་རིང་། མི་རྣམས་ཀྱིས་དེ་ཙམ་རྒྱུས་མངའ་མེད་པའི་ལས་རིགས་དེར་རིམ་བཞིན་རྒྱུས་མངའ་ཆེ་རུ་ཕྱིན་པ་མ་ཟད། སྲིད་གཞུང་གིས་གནའ་དཔེ་སྲུང་སྐྱོང་ལས་དོན་ལ་སྔར་ལས་མཐོང་ཆེན་བྱེད་ལུགས་ཉི་ཤར་གྱིས་དཔང་པོ་བྱས་ཡོད།

    “ང་ཚོས་མེས་པོའི་བློ་གྲོས་མཉམ་སྤྱོད་བྱས་ཏེ་རྩ་ཆེའི་བསམ་པའི་རྒྱུ་ནོར་དང་དུ་བླངས་ནས་གནའ་དཔེ་སྲུང་སྐྱོང་བྱ་གཞག་ལ་མཉམ་དུ་ཞུགས་ཏེ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་ཆེད་འབད་འབུངས་ཡར་བརྩོན་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས”ཞེས་ཉི་ཤར་གྱིས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།