མངའ་རིས་རྟེན་མཛོད་ཁང་གི་འགོ་འཛིན་བ་ཆོས་ལྡན་དངོས་གྲུབ་ཀྱིས་བརྗོད་དོན།
ང་རང་རིག་དངོས་བྱ་གཞག་ལ་ཞབས་འདེགས་ཞུ་མཁན་ཞིག་བྱེད་འདོད་ཡོད།
འདི་ནི་ཆོས་ལྡན་དངོས་གྲུབ(གཡས་ཀྱི་དང་པོ)ཀྱིས་རིག་དངོས་ལ་འགྲེལ་བཤད་རྒྱག་བཞིན་པ།
མངའ་རིས་རྟེན་མཛོད་ཁང་དུ་སྐྱོད་སྐབས་འགོ་འཛིན་བ་ཆོས་ལྡན་དངོས་གྲུབ་ཀྱིས་རྟེན་མཛོད་ཁང་དུ་སྐོར་གཡེང་བྱེད་ཞོར་དུ་ལྟ་སྐོར་བ་དང་ཡུལ་སྐོར་བར་འགྲེལ་བཤད་རྒྱག་བཞིན་ཡོད། རྒྱ་ཆེ་ལ་མཛེས་པའི་རྟེན་འཛོད་ཁང་དེ་ནི་འདི་ལོའི་ཟླ་8པར་སྒོ་ཕྱེ་བ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5956.34ཡོད། རྟེན་མཛོད་ཁང་དུ་མངའ་རིས་ཀྱི་རང་བྱུང་ས་ཁམས་དང་། གནའ་བོའི་ཤེས་དཔལ། དུས་རབས་སྔ་མའི་ལྕགས་ཆས་སྤྱོད་པའི་དུས་རབས(ཞང་ཞུང་གི་ཤེས་དཔལ) གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་དང་རིག་གནས། དམངས་སྲོལ་རིག་གནས་དང་མངོན་མིན་རིག་གནས་སྲུང་སྐྱོབ། མངའ་རིས་ལོ་རྒྱུས་ཐོག་གི་ཕུལ་བྱུང་མི་སྣ་བཅས་བརྗོད་དོན་གཙོ་བོའི་འགྲེམས་ཁང་7བཙུགས་ཡོད། དེ་དག་ལས་མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་རང་བྱུང་རྣམ་པ་ཕྱོགས་ཡོངས་ནས་མངོན་ཡོད་ལ། མངའ་རིས་ས་ཁུལ་དུ་ཕྱོགས་བསྡུས་རང་བཞིན་གྱི་རྟེན་མཛོད་ཁང་མེད་པའི་སྟོང་ཆའང་བསྐངས་ཡོད།
ཆོས་ལྡན་དངོས་གྲུབ་ནི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་སྐྱེས་པ་དང་ས་སྐྱེས་རྡོ་སྐྱེས་ཀྱི་མངའ་རིས་བ་ཞིག་ཡིན། ཁོང་དགེ་རྒན་དང་། རིག་གནས་ས་ཚིགས་ཀྱི་འགོ་འཛིན་པ། རིག་གནས་ཅུས་ཀྱི་ལས་དོན་པ་བཅས་བྱེད་མྱོང་ཡོད། 2017ལོར་ཆོས་ལྡན་དངོས་གྲུབ་ལ་མངའ་རིས་ས་ཁུལ་རྟེན་མཛོད་ཁང་གི་འགོ་འཛིན་བ་དང་པོའི་ལས་འགན་འཁུར་དུ་བཅུག
ཆོས་ལྡན་དངོས་གྲུབ་ཀྱིས་མངའ་རིས་ནི་གནའ་བོའི་ཞང་ཞུང་ཤེས་དཔལ་གྱི་འབྱུང་ཁུངས་ཡིན་པས། དེ་གར་ལོ་རྒྱུས་ཡུན་རིང་ལྡན་ཞིང་ངོ་མཚར་ཆེ་བའི་རིག་གནས་ཡོད་ལ། རྟེན་མཛོད་ཁང་བསྐྲུན་པ་ལས་རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ཚོས་མངའ་རིས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ཀྱི་ཉམས་སྣང་ཕྱོགས་ཡོངས་ནས་མྱོང་ཚོར་ཐུབ་པས། ཚང་མས་རྟེན་མཛོད་ཁང་དེ་ནི་མངའ་རིས་ཀྱི་རྩ་ཆེའི་རིག་གནས་རྒྱུས་མངའ་བྱེད་སའི་སྐར་ཁུང་ལྟ་བུར་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས་ནི་རིག་དངོས་བྱ་གཞག་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན། རིག་དངོས་ལ་སྔར་བས་སྲུང་སྐྱོབ་ཡག་པོ་བྱ་ཆེད། ཆོས་ལྡན་དངོས་གྲུབ་ཀྱིས་མངའ་རིས་ཀྱི་ལོ་རྒྱུས་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་ལས་རོགས་ཚོ་དང་མཉམ་དུ་མངའ་རིས་ས་ཁུལ་གྱི་རྫོང་བདུན་གྱི་རིག་དངོས་གནའ་ཤུལ་ཁག་གམ་ཡང་ན་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་རིག་དངོས་སྔོག་འདོན་དང་བསྡུ་རུབ་བྱས་ཡོད། སྐབས་འགར་རྩ་ཆེའི་བྲག་རྡོ་དང་འགྱུར་རྡོ་འཚོལ་ཆེད་ས་ཆ་མང་པོར་བསྐྱོད་ཡོད། ཁོང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མིག་སྔར་མངའ་རིས་རྟེན་མཛོད་ཁང་དུ་རྩ་ཆེའི་རིག་དངོས་དང་ལོ་རྒྱུས་དཔྱད་ཡིག་2100ལྷག་ཙམ་ཉར་ཚགས་བྱས་ཡོད།
རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཆོས་ལྡན་དངོས་གྲུབ་ཀྱིས་ཀྱང་རང་ཉིད་ཀྱིས་ལོ་མང་ཉར་ཚགས་བྱས་པའི་རིག་དངོས་5མངའ་རིས་རྟེན་མཛོད་ཁང་ལ་ཚབ་ཉར་བྱེད་པར་རྩིས་སྤྲད་ཡོད། དེ་དང་དུས་མཚུངས་སུ་ཁོང་དང་ལས་རོགས་ཚོས་རིག་དངོས་རེ་རེའི་རྒྱབ་ཀྱི་གཏམ་རྒྱུད་སྔོག་འདོན་བྱས་ནས་ལྟ་སྐོར་བར་འགྲེམས་སྟོན་བྱས་པའི་རིག་དངོས་ཀྱི་འབྱུང་ཁུངས་དང་། བྱེད་ནུས། དར་ཁྱབ་བརྒྱུད་རིམ་བཅས་དེ་བས་རྒྱུས་ལོན་ཐུབ་པར་བྱས་ནས་རིག་དངོས་ཀྱི་གསོན་ཤུགས་སླར་ཡང་འཕེལ་བར་བྱས་ཡོད།
རྟེན་མཛོད་ཁང་སྒོ་ཕྱེ་བ་ནས་བཟུང་། མངའ་རིས་རྟེན་མཛོད་ཁང་དེ་མངའ་རིས་ཀྱི་རིག་གནས་ཀྱི་གནས་རྟགས་གསར་པར་གྱུར་ནས་ཉིན་ལྟར་ལྟར་སྐོར་ལ་ཡོང་མཁན་མང་ཚོགས་ཀྱི་རྒྱུན་ཆད་ཀྱི་མེད། རྟེན་མཛོད་ཁང་གི་འགོ་འཛིན་བ་ཞིག་ཡིན་པའི་ཆོས་ལྡན་དངོས་གྲུབ་ནི་སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོབ་པ་ཞིག་ཡིན་ལ། བརྒྱུད་སྤེལ་བ་ཞིག་ཀྱང་རེད། ཁོང་གིས“གཞི་རིམ་གྱི་རིག་དངོས་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་རང་འཁྲིའི་ལས་ཀ་ཡག་པོ་བྱས་ཏེ་རྟེན་མཛོད་ཁང་གིས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་རྒྱུ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་དེ་བས་ཡག་པོ་ཐུབ་པར་བྱེད་ཀྱི་ཡིན་ལ། མངའ་རིས་ཀྱི་རྩ་ཆེའི་ལོ་རྒྱུས་འདི་ཉིད་རྟེན་མཛོད་ཁང་བརྒྱུད་ཕྱོགས་ཡོངས་ནས་མངོན་པ་དང་ནམ་ཡང་རྒྱུན་འཛིན་ཐུབ་པའང་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།