བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་ཐོག་མར་བྱས་པ།
འདི་ནི་བོད་ལྗོངས་ཟློས་གར་ཁང་ཆེན་ཡིན་པ།
འདི་ནི་གཏམ་བརྗོད་ཟློས་གར《བོད་སྐྱོད་པ་རྒན་གྲས》འཁྲབ་བཞིན་པ།
འདི་ནི་བོད་ལྗོངས་ཟློས་གར་ཁང་ཆེན་ནང་ངོས་ཀྱི་རྣམ་པ་ཡིན་པ།
ཉིན་ཤས་གོང་། བོད་ལྗོངས་ཟློས་གར་ཁང་ཆེན་བསྐྲུན་ནས་འཁྲབ་སྟོན་ཐོག་མར་བྱེད་པའི་བྱེད་སྒོ་ལྷ་སར་གཉེར་བ་ལས་བོད་ཀྱི་རིག་གནས་ཀྱི་ཚད་གཞི་གསར་པ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་པ་དང་། བོད་ལྗོངས་སུ་ཞིང་ཆེན་རིམ་པའི་ཟློས་གར་ཁང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་གསབ་པ་མ་ཟད། ད་དུང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་བ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྒྱུ་རྩལ་གསོ་སྦྱོང་དང་། རིག་གནས་འཆད་ཁྲིད། རིག་རྩལ་རིག་གཞུང་སྤེལ་རེས་སོགས་ལ་ལས་སྟེགས་མཁོ་འདོན་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཟློས་གར་ཁང་ཆེན་གྱི་ཇུས་འགོད་ནི་ཧན་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་འཛུགས་སྐྲུན་བཀོད་པ་གཙོ་བོར་བཟུང་བས་བརྗིད་ཉམས་ལྡན་པ་མ་ཟད། དུས་རབས་ཀྱི་ཁྱད་ཆོས་དང་། བོད་ལྗོངས་ཁྱད་ཆོས། རིག་གནས་ཀྱི་ཁྱད་ཆོས་བཅས་གཞི་གཅིག་ཏུ་མངོན་ཡོད། རིག་རྩལ་འཁྲབ་སྟོན་དང་། འདུ་ཚོགས། རིག་གནས་བྱ་གཞག་ཁྱབ་གདལ་དང་སྤེལ་རེས། སྲིད་འཛིན་དོ་དམ་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ལྟེ་གནས་ཤིག་ཡིན་ལ། བོད་ལྗོངས་ཟློས་གར་ཁང་ཆེན་དུ་ད་དུང་གླུ་གར་དང་། རོལ་དབྱངས་འདུ་ཚོགས། གཏམ་བརྗོད་ཟློས་གར། ཟློས་གར། མཉམ་སྒྲོག་རོལ་དབྱངས། རིག་རྩལ་ཁྱབ་གདལ་སློབ་ཚན། རིག་རྩལ་སྐོང་འཁྲབ་སོགས་རིག་གནས་བྱེད་སྒོ་དང་སྒྱུ་རྩལ་འཁྲབ་སྟོན་སྣ་ཚོགས་སྤེལ་ནས་ཕུན་སུམ་ཚོགས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་འཚོ་བ་མངོན་པར་བྱ་རྒྱུ་རེད།
ཚེས་12ཉིན་གསར་རྩོམ་གཏམ་བརྗོད་ཟློས་གར《བོད་སྐྱོད་པ་རྒན་གྲས》བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་ཐོག་མ་བྱས་པ་དང་འབྲེལ་ཚེས་15དང་། 16 17བཅས་ཉིན་གསུམ་བསྟུད་མར་འཁྲབ་སྟོན་བྱས་པ་རེད། གཏམ་བརྗོད་ཟློས་གར་དེ་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གསར་རྩོམ་བྱས་པའི་གཙོ་གནད་གསར་རྩོམ་གྱི་འཁྲབ་ཚན་ཞིག་ཡིན་པ་དེས་རིག་གནས་དང་། ཆུ་བེད། འགྲིམ་འགྲུལ། སློབ་གསོ། འཕྲོད་བསྟེན་སོགས་འཐབ་ཕྱོགས་ཁག་གི་དུས་སྐབས་མི་འདྲ་བའི་བོད་ཀྱི་འཛུགས་སྐྲུན་པ་ཚོས་ལང་ཚོ་དང་། སྤྱང་གྲུང་། བློ་གྲོས་བཅས་སྐྱེས་སུ་ཕུལ་ཚུལ་དང་། བསམ་པའི་སྟོབས་ཤུགས་གཅིག་སྒྲིལ། གནོང་འགྱོད་མེད་པའི་མི་ཚེ་སྐྱེལ་བ་བཅས་ཀྱི་ངོ་མཚར་གཏམ་རྒྱུད་བརྗོད་ཡོད།