ཀ་ཕྲེང་བློ་གསལ་མགུལ་རྒྱན།
ཀ་ལ་པིང་ཀའི་དབྱངས་ལྟར་སྙན་པ་བློ་གསལ་དཔེ་འཛིན་རྣ་ལ་འཇེབས། །
ཁ་བའི་བུ་རྒྱུད་སྣོད་ཀྱི་སྐྱོན་བྲལ་ཟབ་གསལ་ཤེས་བྱའི་བདུད་རྩི་འཐུང་། །
ག་པར་ཕྱིན་ཡང་ཀུན་གྱིས་བཀུར་འོས་ཡ་རབས་སྲབ་མདའ་མ་གློད་པར། །
ང་ཚོ་མི་རབས་རྗེས་མའི་ཤུལ་འཛིན་ཕ་ལམ་བཞིན་དུ་རབ་ཏུ་འཚེར། །
ཅ་ཅོའི་གཏམ་དང་གྲོགས་ངན་མ་བསྟེན་བཤེས་གཉེན་དམ་པ་སྤྱི་བོར་བཀུར། །
ཆ་ཤས་ཤེས་བྱའི་བདུད་རྩི་འཐུང་ཞིང་དགའ་བདེའི་དཔལ་ལ་ཅི་དགར་རོལ། །
ཇ་ཆང་འདོད་རྒུའི་འཚོ་བར་རོལ་ཞིང་འདོད་ཡོན་ལྔ་ལ་རབ་ཆགས་ན། །
ཉ་མོ་ལྕགས་ཀྱུར་འཁོན་པའི་དཔེ་ལྟར་བདེ་བའི་ལམ་ཞིག་རྙེད་པར་དཀའ། །
ཏ་ལའི་ལྗོན་པའི་བསིལ་གྲིབ་འོག་ཏུ་ཚ་གྲང་དཀའ་སྤྱད་སློབ་ལ་གཞོལ། །
ཐ་མ་ཁ་དང་དུག་ཆང་བསྐྱུར་ཏེ་ཕ་མའི་བཀའ་སློབ་སེམས་སུ་བརྐོས། །
ད་ལྟའི་དུས་སུ་ཟང་ཟིང་འཚོ་བར་གཡེངས་ཤིང་རང་སེམས་མ་དུལ་ན། །
ན་རྒས་དུས་སུ་ཤེས་བྱས་དབུལ་ཞིང་འགྱོད་པའི་རྟ་ཕོས་ཟིན་རབས་མེད། །
པ་ཊའི་རི་མོ་མིག་ལ་མཛེས་ཀྱང་ཤེས་རིག་བུ་མོའི་དོ་ཟླ་མིན། །
ཕ་བཟང་བུ་ཆུང་རིག་པ་སྒྲིམས་ཤིག་ཤེས་བྱའི་ཁྲི་ལ་བདག་པོ་མེད། །
བ་གླང་ཁྱུ་ཡི་ཁྱུ་མཆོག་བཞིན་དུ་ས་ཆེན་གཅོང་རོང་རྡོག་པས་མནན། །
མ་ལུས་ཤེས་བྱའི་དོ་ཤལ་བཟང་པོས་རང་གི་ལུས་ལ་རབ་ཏུ་ཀླུབས། །
ཙ་ཀོ་ར་ལྟར་ས་མཐོའི་ཡང་རྩེ་གངས་རིའི་ཁྲོད་དུ་ལྷམ་མེར་གནས། །
ཚ་གྲང་གང་ལའང་བཟོ་སྟེགས་བཞིན་དུ་ཉམས་པ་མེད་པར་གནས་གྱུར་ནས། །
ཛ་ལང་སྤྱོད་ངན་མ་ལུས་སྤངས་ཤིང་ལང་ཚོའི་མེ་ཏོག་སྐྱེས་སུ་འབུལ། །
ཝ་མོ་ལྟ་བུའི་གཡོ་རྫུན་མ་འཁྲབ་བློ་སེམས་དྲང་པོའི་མདའ་བཞིན་སྲུངས། །
ཞ་རའི་ལམ་བསྙེགས་གང་སར་ཕྱིན་ན་གྲོག་མོའི་རོང་ལ་ལྷུང་ཉེ་བས། །
ཟ་ཟིར་སེམས་ཀྱི་རྙོག་པ་དྭངས་ཤིང་དོན་སྙིང་ཅན་གྱི་བྱ་བར་བརྩོན། །
འ་ཅག་མི་རིགས་འདི་ལ་ཕན་པའི་མཛད་རྗེས་ཅུང་ཟད་འཇོག་པ་དང་། །
ཡ་རབས་མེས་པོའི་རྒྱུན་འཛིན་བཟང་བའི་ན་གཞོན་རབ་ཅིག་བྱེད་ལ་འབད། །
ར་མ་ལུག་གི་སྐད་ལ་མ་དགའ་ཡ་མ་གཟུགས་ཀྱི་ཆ་ལུགས་སྤོངས། །
ལ་ལུང་གང་དུ་གཤོག་རྩལ་ངོམས་ཀྱང་གཏིང་ཟབ་རིག་གནས་མ་བརྗེད་པར། །
ཤ་རུས་གཅིག་པའི་བུ་སྤུན་བཞིན་དུ་ཡ་རབས་འཆམ་མཐུན་ལས་ལ་འབུངས། །
ས་སྟེང་འདི་རུ་འཚོ་བའི་བུ་ཆུང་མེས་པོའི་སྲོལ་བཟང་སྐྱོངས་ཤིག་ཨང་། །
ཧ་ལས་ཡངས་པའི་འཇིག་རྟེན་འདི་ན་མཁས་བཙུན་བཟང་པོའི་སྐྱེས་བུ་མང་། །
ཧ་ཅང་དཀོན་པའི་བདུད་རྩའི་གདམས་ངག་འཐུང་བཞིན་ཕ་མའི་བཀའ་དྲིན་གསོལ། །
ཨ་ཙི་མི་ཚེ་ཞིམ་བུའི་ཨ་སྟོང་བསམ་ཞིང་དུས་ལ་གཅེས་འཛིན་གྱིས། །
ཨ་མ་མེས་པོའི་རྒྱལ་ཁབ་འདི་ལ་ལང་ཚོའི་ལེགས་སྐྱེས་ཕུལ་ཞིག་ཨང་། །