དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་ཅག་ལ་ཕུལ་བའི་ཚིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁམས་འོད་གསལ།   |     སྤེལ་དུས།  2023-12-17

    ལོ་ཟླའི་གོམ་འགྲོས་ནི་ཅི་འདྲའི་མགྱོགས་ཨང་། བྱིས་དུས་ཀྱི་ལོ་ཟླའི་གཙང་པོ་ནི་མིག་ཡུད་ཙམ་ཞིག་ལ་ང་ཚོ་དང་གྱེས་ནས་རྒྱང་དུ་བཞུད་ཟིན། དཔྱིད་དུས་སུ་འོ་སྐོལ་གྱིས་ཕ་མ་དང་མཉམ་དུ་ཞིང་ལ་ས་བོན་འདེབས་པ་དང་། དབྱར་ཁར་ཞིང་གསེབ་ཏུ་འཛུལ་ནས་གང་བུ་འཐོག་པ། སྟོན་ཁར་ལོ་ལེགས་ཀྱི་འབྲས་བུ་བང་མཛོད་དུ་འཇུག་པར་བྲེལ་བ། དགུན་དུས་སུ་གྲོང་འདབས་ཀྱི་དར་ཐོག་ཏུ་འཁྱག་ཤུར་གློད་ནས་དུས་འདའ་བའི་འདས་དོན་དེ་དག་ཀྱང་ད་ལྟ་དྲན་ངོགས་སུ་རེ་གསལ་རེ་མོག་ཙམ་ལས་སྔ་མོ་ནས་ང་ཚོ་དང་རྒྱང་དུ་གྱེས་ཟིན། འོན་ཀྱང་། ད་ལྟའང་ཡིད་ངོགས་སུ་འོད་བཞིན་གསལ་ལེར་འཚེར་བ་ནི་ང་རང་བྱམས་དང་བརྩེ་བས་སྐྱོང་མཁན་གྱི་ཁྱིམ་གཅིག་མིན་པའི་ཨ་ཅག་ཁྱེད་ལས་གཞན་སུ།

    གང་ལྟར་ཆུང་ནས་ད་བར། གྲོང་ཚོ་གཅིག་ཏུ་འཚོ་བའི་ཨ་ཅག་ཁྱེད་ཀྱིས་མ་ལྟ་བུའི་འདུ་ཤེས་བཅངས་ནས་ང་ལ་ལྟ་རྟོག་གང་མང་ཞིག་གནང་མྱོང་ཨང་། ཁྱེད་ཀྱི་བཀའ་དྲིན་དག་དྲན་དུས། ཁྱེད་ནི་སྙིང་ཉེ་བའི་སྲིང་མོ་གཞན་དང་མི་འདྲ་བར། ངའི་དྲན་པའི་རྩིག་ལྡེབས་སུ་རྟག་ཏུ་འཆར་སླ་ཞིང་བརྗེད་དཀའ་ཨང་།

    མ་གཞི་ནས་འུ་ཅག་གི་དམ་ཚིག་དང་ཕན་ཚུན་གྱི་བརྩེ་བ་ནི་ཀུན་ལ་ངོམ་ཆོག་ཆོག་ཡིན་པས། འཇིག་རྟེན་འདིར་ཨ་ཅག་ཁྱེད་དང་མཇལ་བ་ནི་ངའི་མི་ཚེ་འདིའི་བསོད་ནམས་ཡིན་པ་གོར་མ་ཆག བདག་གི་ཕ་མས། ཁྱོད་ཚོ་ལོ་ན་ཆུང་ཆུང་ཡིན་དུས། ཨ་ཅག་གིས་རང་གི་ཟ་སྐལ་འཐུང་སྐལ་ཡང་ཕངས་སེམས་མེད་པར་ཁྱེད་ཚོར་སྦྱིན་ཡོད་ཅེས་གསུངས་པ་ཐེངས་གཅིག་གཉིས་མིན། ང་དང་ཨ་ཅག་ནི་གཉེན་ཉེ་ཙམ་ལས་ཁྱིམ་གཅིག་དང་ཕ་མ་གཅིག་གི་མིང་སྲིང་མིན་ཡང་། ཁོང་གིས་ང་ལ་ཕ་གཅིག་མ་གཅིག་གི་གཅེན་མོ་ལས་ལྷག་པའི་བརྩེ་བ་དང་དྲོད་ཁོལ་གནང་མྱོང་།

    སྲིད་པའི་འདུ་འཛིའི་ཀློང་དུ། ང་ཚོར་ཁ་ཞེ་གཉིས་མེད་ཀྱིས་གཅེས་གཅེས་དང་བཟང་བཟང་བྱེད་མཁན་ནི་ཕ་མ་ཙམ་ཡིན་ཡང་། ང་ལ་མཚོན་ན་ཕ་མ་ཕུད། ད་དུང་སྙིང་ཉེ་བའི་ཨ་ཅག་ཁྱེད་ཡོད། ཁྱེད་ཡོད་པས་ངས་འཇིག་རྟེན་འདིའི་དཀའ་སྡུག་མང་པོ་ཞིག་འཛུམ་གྱིས་བསུ་ཐུབ་ཅིང་། ཁྱེད་ཡོད་པས་འཇིག་རྟེན་འདིར་ང་ལ་ད་གཟོད་ཞེན་ཆགས་བྱེད་ཡུལ་གཞན་ཞིག་རྙེད་པ་མིན་ནམ། ཁྱེད་ཀྱི་ཚུལ་འཆོས་ཀྱི་གཡའ་དང་བྲལ་བའི་ལྷག་བསམ་དཀར་པོས་ངའི་སྡུག་གི་འཁྱག་རོམ་ངང་གིས་བཞུར་ཞིང་། ཁྱེད་ཀྱི་ཤ་ཚ་བའི་བསླབ་བྱ་རེ་རེས། ངའི་མདུན་སྐྱོད་ཀྱི་ལམ་བུར་རེ་བའི་འབྲུག་སྒྲ་ལྷང་ལྷང་གྲགས།

    ཨ་ཅག་ལགས། ངའི་གློ་སྙིང་གི་དབུས་དང་དྲན་པའི་གཏིང་རུམ་དུ་ཟུག་པའི་ཨ་ཅག་ལགས། ཁྱེད་ཀྱི་སྒེར་སེམས་མེད་པའི་གསོ་སྐྱོང་དང་མཚོ་ལས་ཟབ་པའི་བཀའ་དྲིན་གྱིས་ད་ཆ་ང་ཡང་རིམ་གྱིས་ནར་སོན་ཏེ། རང་མཉམ་གྱི་གྲོགས་པོའི་ཁྲོད་དུ་བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པ་ཞིག་བྱུང་། ངས་ནམ་ནམ་ཞར་ཞར་དུ་ཁྱེད་སྐུ་ལུས་གསལ་ཐང་དང་ཐུགས་སེམས་སྤྲོ་པོ་ཡོང་བའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་བཞིན་ཡོད།

    མཇུག་མཐར། ཨ་ཅག་ཁྱེད་ཀྱི་བསམ་དོན་འགྲུབ་ཅིང་རེ་བའི་ཕུགས་བསམ་མངོན་དུ་འགྱུར་བར་སྨོན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།