ང་ནི་སྤྲིན་པ་ཞིག་ཡིན།
ང་ནི་སྤྲིན་པ་ཞིག་ཡིན། ནམ་མཁའ་ནི་ངའི་ཕ་ཡུལ་ཡིན་ཞིང་། དེ་ནི་སྔོ་ཞིང་དྭངས་ལ་ཡངས་ཤིང་རྒྱ་ཆེ། ང་ལ་གཅེན་གཅུང་གྲངས་མེད་ཡོད། ང་ཚོས་ཉིན་ལྟར་བཟོ་ལྟ་སྣ་ཚོགས་སུ་འགྱུར་ཏེ་གནམ་འོག་གི་མི་ཚོར་ལྟད་མོ་འཁྲབ་ནས་ཁོ་ཚོའི་མིག་དབང་རབ་ཏུ་འགུག་བཞིན་ཡོད། ད་དུང་ང་ལ་ཚོན་མདངས་སྣ་ཚོགས་ཡོད་དེ། དཀར་པོ་དང་། དམར་པོ། སེར་པོ། ནག་པོ་བཅས་ཡོད་ཅིང་། དེ་དག་ལས་དཀར་པོ་ནི་ངའི་རྒྱུན་གཏན་གྱི་ཚོས་གཞི་ཡིན་པས། མི་རྣམས་ཀྱིས་ང་ལ་སྤྲིན་དཀར་ཞེས་བརྗོད།
ང་ནི་དུས་ཚོད་དང་གནམ་གཤིས། ཉི་མའི་འོད་ཟེར་སོགས་དང་བསྟུན་ནས་ཚོས་གཞི་ཡང་སྣ་ཚོགས་སུ་འགྱུར་བཞིན་ཡོད། ཞོགས་པ་ཉི་མ་ཤར་དུས་དང་དགོང་དྲོ་ཉི་མ་ནུབ་དུས་ངའི་ཚོས་གཞི་དམར་པོ་དང་སེར་པོ་སོགས་སུ་འགྱུར་བཞིན་ཡོད་པས། མི་རྣམས་ཀྱིས་ང་ལ་མཚམས་སྤྲིན་ཞེས་མིང་སྙན་པོ་ཞིག་བཏགས་ཡོད། སྐབས་དེ་དུས་ང་ནི་མཛེས་ཤིང་ཡིད་དུ་འོང་བའི་སྣུམ་ཚོན་རི་མོ་ཞིག་དང་དབྱེར་མ་མཆིས་པས། མི་རྣམས་ཀྱིས་ང་ལ་ཕྱོགས་ནས་ངའི་མཛེས་པར་མྱོང་རོལ་བྱེད་བཞིན་མཆིས།
འོན་ཀྱང་། ང་ལའང་འགྲོ་བ་མི་དང་འདྲ་བར་སེམས་མི་སྐྱིད་པའི་དུས་ཤིག་ཡོད་པས། དེ་དུས་ངས་སྤུན་གྲོགས་མང་པོ་གཅིག་ཏུ་འདུས་ཏེ། ལུས་ལ་ལྭ་བ་ནག་པོ་ཞིག་བཀླུབས་ཤིང་། འབྲུག་སྐད་ཀྱི་སྒྲ་དང་ལྷན་དུ་དྲག་ཆར་དང་སེར་བའི་བརྟུལ་ཞུགས་བཟུང་ནས། ས་གཞིའི་ཁྱོན་དུ་ལྟད་མོར་འགྲོ་བཞིན་ཡོད་པས། སྐབས་རེ་ངའི་བརླན་གཤེར་གྱི་དྲིན་གྱིས་རྩྭ་རྩི་ཤིང་དང་ལོ་ཏོག་སོགས་ལས་ཚེ་སྲོག་གི་རང་མདངས་གསར་པ་མངོན་པ་དང་། སྐབས་རེ་སེར་དྲག་གི་ང་རོས་སྐྱེ་འགྲོའི་ཚོགས་ལ་སྐྱི་གཡའ་བའི་འཇིགས་པའང་སྟེར་བར་བྱེད།
ལུས་པོར་གྲང་འདར་ཤོར་བའི་དགུན་དུས་སུ། ང་འཁྱགས་ནས་རང་དབང་མེད་པར་ཧབ་ཆི་ཤོར་བ་དང་། ཁ་ནས་ལྦུ་བ་ལྟ་བུའི་ཁ་བ་སིམ་སིམ་དུ་བཞུར་འགྲོ འོན་ཀྱང་། དགའ་འོས་པ་ཞིག་ལ། ངའི་དོན་ལྔ་སྣོད་དྲུག་ནས་བསྐྱུགས་པའི་ཁ་བས་ས་གཞི་ཐམས་ཅད་དངུལ་དཀར་ཀྱི་འཇིག་རྟེན་ཞིག་ཏུ་བསྒྱུར་ཏེ། བྱིས་པ་རྣམས་གངས་མི་བཟོ་བ་དང་གངས་དམག་རྒྱག་པ་སོགས་གངས་རྩེད་ཀྱི་དགའ་སྤྲོའི་དཔལ་ལ་རོལ་བའི་གོ་སྐབས་ཐོབ་པ་ལགས།
ཨེ་མ། ང་ནི་སྤྲིན་པ་ཞིག་ཡིན། ཡིད་དུ་འོང་བའི་སྤྲིན་དཀར་ཞིག་ཡིན། ཨ་སྔོན་དབྱིངས་སུ་དྲི་བཞོན་རླུང་དང་འགྲོགས་ནས་རང་དགར་འཕྱོ་ཞིང་ལྡིང་བའི་སྤྲིན་དཀར་ཞིག་ཡིན། མི་རྣམས་ལ་དགའ་བ་དང་སྤྲོ་སྣང་སྩོལ་མཁན་གྱི་ལྷག་བསམ་དཀར་བའི་སྤྲིན་པ་ཞིག་ཡིན།