རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་བློ་གསར་ངག་རྒྱན་དཔེ་ཚོགས་ལས《ཐང་གི་སྙན་ངག》འགྱུར་མའི་སྐོར་རགས་ཙམ་བཤད་པ།
ཐང་རྒྱལ་རབས་ཀྱི་སྙན་ངག་ནི་ངག་ལ་གྱེར་བདེ་ཞིང་ནང་དོན་ཕུན་སུམ་ཚོགས་པ། འཆར་ཡན་གྱིས་ཀུན་ནས་ཕྱུག་སྟབས། ཀུན་གྱིས་གྱེར་ཀློག་བརྩམས་ཆོས་ཡག་ཤོས་སུ་རྩི་བཞིན་ཡོད། འདིར་རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་བློ་གསར་ངག་རྒྱན་དཔེ་ཚོགས་ལས《ཐང་གི་སྙན་ངག》བྱིས་པའི་ཀློག་དེབ་སྒྱུར་བའི་སྐོར་གླེང་བ་ལ།
དང་པོ། མ་ཡིག་གི་ཁྱད་ཆོས།
གཅིག ཡིག་རིས་ཟུང་འབྲེལ་ཡིན་པ།
དཔེ་ཚོགས་འདིའི《ཐང་གི་སྙན་ངག》ནི་བྱིས་པའི་ཀློག་དེབ་ཀྱི་ཤོག་ངོས་རེར་སྙན་ངག་ཤོ་ལོ་ཀ་རེ་བཀོད་ཡོད་ལ། སྙན་ངག་རེ་རེའི་ནང་དོན་ལ་གཞིགས་ནས་ངོས་གཙང་ལ་ཁམས་དྭངས་པའི་རི་མོ་བྲིས་ཡོད་པ་ལས། ཉམས་དགའ་བའི་རང་བྱུང་ཁམས་ཀྱི་རི་ཆུ་ནགས་གསུམ་དང་། སྒམ་བརླིང་དང་བབ་ཆགས་པའི་ཐང་རྒྱལ་རབས་ཀྱི་སྙན་ངག་པའི་ཉམས་སྣང་འགོག་མེད་དུ་མངོན། དེས་ཀློག་མཁན་ཕྲུ་གུ་ཚོར་སྙན་ངག་གི་ཟིལ་ཤུགས་དང་མཉམ་པའི་མཐོང་ཚོར་གྱ་ནོམ་པ་ཞིག་སྦྱིན་པར་བྱེད་པ་དང་། བྱིས་པ་ཚོ་རི་མོ་ནང་བཞིན་གྱི་ཡུལ་དུས་གང་རུང་ལ་ཐོགས་མེད་དུ་ཁྲིད་དེ་སྙན་ངག་གི་གོ་བ་ལེན་པར་རམ་འདེགས་ཀྱི་ནུས་པ་ཐོན་པར་བྱས་ཡོད་ལ། ཡི་གེར་གོ་བ་ལེན་དཀའ་བའི་ཕྲུ་གུ་ཆུང་ཆུང་ཚོར་རི་མོའི་ལམ་ནས་ཐད་ཀར་དེ་མཚུངས་ཀྱི་གོ་བ་བསྐྱེད་ནུས་ཤིང་། ཆུང་དུས་ནས་ལྟ་ཀློག་གི་འདུན་པ་སྐྱེད་སྲིང་བྱེད་ཐུབ་པར་བརྩོན་ཡོད།
གཉིས། མ་ཡིག་གོ་བདེར་ཕབ་ཡོད་པ།
《ཐང་གི་སྙན་ངག》གི་པར་གཞི་འདིར་ཡིག་ཚོགས་ཀྱི་མང་ཉུང་འཚམ་པའི་སྒོ་ནས་སྙན་ངག་རེ་རེའི་གཤམ་དུ་སྙན་ངག་གི་ནང་དོན་གོ་བདེར་ཕབ་སྟེ། སྙན་ངག་ལ་འཇུག་མཁན་ལས་དང་པོ་བ་རྣམས་ལ་སྙན་ངག་གི་གོ་བ་ལེན་པར་ཕན་པ་ཆེན་པོ་བསྐྲུན་ཡོད་པ་དང་། ཁྱད་ཆོས་དེས་སྙན་ངག་ལ་གོ་བ་མི་ལོན་པའི་སུན་སྣང་མི་སྐྱེ་ཞིང་། ལྟ་ཀློག་གི་བཀག་རྒྱ་མེད་པར་མུ་མཐུད་ཀློག་སྤྲོ་བའི་སྤྲོ་སྣང་འདྲེན་པར་བྱས་ཡོད།
གསུམ། གོ་དཀའ་བའི་ཐ་སྙད་རིགས་ལ་མཆན་འགྲེལ་བཀོད་ཡོད་པ།
ཀློག་དེབ་འདིའི་ཁ་གཏད་ས་གཙོ་བོ་ནི་བྱིས་པ་ཡིན་ཕྱིན། སྙན་ངག་ཁྲོད་ཀྱི་གོ་དཀའ་བའི་ཐ་སྙད་དང་། གནའ་བོའི་ས་མིང་། མི་མིང་། སྲོལ་རྒྱུན་དུས་ཆེན་གྱི་མིང་སོགས་ལ་མཆན་འགྲེལ་གང་འཚམ་བཀོད་དེ། ཀློག་པ་པོས་སྙན་ངག་ལ་གོ་བ་ཞིབ་ཅིང་ཕྲ་བ་ལོན་པར་རམ་འདེགས་བྱས་ཡོད་པ་མ་ཟད། བྱིས་པ་ཚོར་ཐ་སྙད་གསོག་འཇོག་གམ་ཤེས་བྱ་གསོག་འཇོག་བྱེད་པར་ཐབས་ཤེས་ཡག་པོ་ཞིག་བཙལ་ཡོད།
གཉིས་པ། འགྱུར་མའི་སྒྱུར་ཐབས་སྐོར།
གཅིག མ་ཡིག་ཁུངས་བཙུན་པར་བསྒྱུར་བ།
ཐང་གི་སྙན་ངག་གི་འགྱུར་མ་གཞན་དུ་འགྲེལ་སྟངས་མི་འདྲ་ཞིང་ནང་དོན་མ་ཡིག་དང་མི་མཐུན་པ་སོགས་ཡོད་ཀྱང་། བོད་འགྱུར་མ་འདིར་སྙན་ངག་ནས་གོ་བདེར་ཕབ་པའི་ནང་དོན་མངོན་པར་བྱས་ཡོད། དཔེར་ན།“田夫荷锄至”ལ་འགྱུར་མ་གཞན་དུ། སོ་ནམ་པ་ཡི་ཕྲག་པར་འཇོར་ཐེག་སྟེ། །ཕན་ཚུན་གཏམ་དུ་སྨྲ་བཞིན་ཡུལ་ལ་ལོག །ཅེས་ཞིང་ནང་དུ་སླེབས་ཞེས་དང་། ཞིང་ཁ་ནས་ཕྱིར་ལོག་པའི་གོ་བ་གཉིས་འདུག འགྱུར་མ་འདིར་མ་ཡིག་གོ་བདེར་ཕབ་པའི་ནང་དོན་གཞིར་བཟུང་སྟེ། ཞིང་པས་འཇོར་ཁྱེར་རྣང་ཞིང་ནང་དུ་སླེབས།།ཞེས་པ་ལྟ་བུ་མ་ཡིག་གི་ནང་དོན་ཁུངས་བཙུན་པར་བསྒྱུར་ཡོད།
གཉིས། མཆན་འགྲེལ་གདམ་གསེས་ཀྱིས་བསྒྱུར་བ།
རྒྱའི་གནའ་རབས་ཀྱི་ཚིགས་བཅད་སྙན་ངག་དང་དེང་རབས་རྒྱ་སྐད་བར་ཁྱད་པར་ཆེ་བས། གོ་དཀའ་བ་དག་གོ་བདེར་ཕབ་པའི་དགོས་པ་ཆེ་ནའང་། བོད་ཡིག་ལ་དེ་ལྟར་མི་མཁོ་བས་སྙན་ངག་སྤྱིའི་གོ་བ་ལེན་སྟངས་དང་མིང་ཚིག་གི་འགྲེལ་སྟངས་ཀྱང་གོ་བདེར་ཕབ་པའི་ནང་དོན་ལ་གཞི་བཅོལ་ནས་བསྒྱུར་ཡོད། “桂魄:月的别称。传说月中有桂树,故称月为桂魄”ལྟ་བུ་མཆན་འགོད་པའི་དགོས་པ་མ་མཆིས་པར་བསམས་ནས་དོར་བ་དང་། དཔེར་ན། “云母”ལ། ལྷང་ཚེར། དཀར་ལ་མཉེན་ཞིང་གཟུགས་མི་སྒྲིབ་པའི་རྡོ་ཞིག་སྟེ། བཏུལ་ནས་ཞིབ་མོ་བྱས་རྗེས་དངུལ་མདོག་ཅན་གྱི་ཚོན་རྩི་བྱ་ཆོག ལྟ་བུ་བསྣན་ཡོད། “西陆:秋天的代称。司马彪《续汉书》:“日行西陆谓之秋”ལྟ་བུ་སྟོན་ཀ་ཞེས་དོན་སྒྱུར་བྱས་པ་ལས་མ་ཡིག་གི་འགྲེལ་བཤད་སོར་བཞག་གིས་བསྒྱུར་མེད་པ་དང་། དུས་ཆེན་གྱི་མིང་། “寒食:寒食节,在清明前一两天,习俗禁烟火,只吃冷食”ལ། གྲང་ཟས་དུས་ཆེན། དྭངས་གསལ་དུས་ཆེན་མདུན་གྱི་ཉིན་གཅིག་གཉིས་རིང་། མེ་དུ་ལ་འཛེམས་ཏེ་གྲང་ཟས་ཁོ་ན་ཟ་བའི་སྲོལ་ཡོད་པ་དེ་ལ་ཟེར། ལྟ་བུ་སྒྲ་སྒྱུར་དང་དོན་སྒྱུར་ཅི་རིགས་ཀྱིས་མ་ཡིག་གི་མཆན་འགྲེལ་ཇི་བཞིན་བསྒྱུར་ཡོད། མདོར་ན། ཀློག་པ་པོའི་དགོས་མཁོར་དམིགས་ནས་སྒྱུར་དགོས་པའི་རིགས་བསྒྱུར་བ་དང་། མི་དགོས་པའི་རིགས་དོར་བ། སྣོན་དགོས་པའི་རིགས་བསྣན་ཡོད།
གསུམ། ཚིག་རྐང་གོང་འོག་བསྣོར་སྒྱུར་བྱས་པ།
ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིས་གཞུང་གི་ཚིག་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་བསྒྱུར་ན་གོ་བདེ་ཞིང་། དོན་འཁྲུགས་པར་མི་འགྱུར་བ་རྣམས་ནི་ཇི་ལྟ་བ་བཞིན་དུ་བསྒྱུར་བར་བྱ་ཞིང་། དེ་ལྟ་མ་ཡིན་པར་ཚིག་གོང་འོག་བསྣོར་ན་དོན་གོ་བ་གསལ་ཞེས་བརྗོད་བདེ་བ་རྣམས་ནི་ཚིགས་བཅད་ཡིན་ན་ཤློ་ཀ་གཅིག་གི་ནང་དུ་གང་བདེ་བར་བསྣོར་ཞིང་བསྒྱུར་བ་དང་། ཚིག་ལྷུག་པ་རྣམས་ནི་ཚིག་གཅིག་གམ་གཉིས་སམ་གསུམ་སོགས་ཚིག་དེ་དག་གི་དོན་གང་དུ་བསྙེགས་པ་ཡན་ཆད་དུ་གང་བདེ་བར་བསྣོར་ཞིང་བསྒྱུར་བར་བྱ། འོན་ཀྱང་དོན་སྔ་ཕྱི་འཁྲུགས་པར་མི་འགྱུར་བ་གལ་ཆེ་ལ། དེ་ཡང་ཚིག་དེ་གའི་ནུས་པ་འདོན་ལུགས་ལ་ལེགས་པར་བརྟག་དགོས་ཞེས་གསུངས་པ་ལྟར་སྙན་ཚིག་གོང་འོག་བསྣོར་དགོས་པ་ཡོད་ན་བསྣོར་ནས་བསྒྱུར་བ། དཔེར་ན། “君不见黄河之水天上来,奔流到海不复回。”ལྟ་བུ། རྨ་ཆུ་མཁའ་ལས་བབས་ཏེ་རྒྱ་མཚོར་འབབ། །ལྡོག་མེད་ལྷུང་ལྷུང་བཞུར་བ་མཐོང་ལགས་སམ། །ཞེས་བསྣོར་ནས་བསྒྱུར་ཡོད།
བཞི། སྙན་ངག་གི་ཉམས་ཅི་ཐོན་ལྟར་བསྒྱུར་བ།
མི་རིགས་རང་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་མཐུན་ཞིང་སྙན་ངག་གི་ཉམས་འགྱུར་གང་ཐོན་ལྟར་སྒྱུར་བ་ནི་ལོ་ཙཱ་བ་ཞིག་གིས་ངེས་པར་བརྩོན་དགོས་པའི་རྩ་དོན་ཡིན་པ་ལྟར། “会当凌绝顶,一览众山小。”ལྟ་བུ། ནམ་ཞིག་ང་ཡང་རི་རབ་རྩེར་འཛེགས་ཏེ། །རི་ཚོགས་པང་དུ་བླངས་འདྲའི་ཉམས་འོང་དགོས། །ཞེས་སྙན་ངག་གི་ཉམས་མངོན་ཅི་ཐུབ་ལྟར་བསྒྱུར་ཡོད། མདོར་ན། ཐང་གི་སྙན་ངག་ནི་ཚིག་སྦྱོར་མཛེས་ཤིང་ནང་དོན་ཕུན་སུམ་ཚོགས་པ་དང་། རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་ནོར་བུ་ལྟ་བུར་གྱུར་ཡོད་པས། སྙན་ངག་ལ་འགྱུར་མའི་རིགས་མང་ཞིང་དེ་དག་རང་རང་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་དུ་མ་ལྡན་ཡོད་དོ།། (བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ། ཤ་འབྲུག་མཚོ)